ལྷ་མོའི་བླ་མཚོ།
ལྷོ་ཁ་རྒྱ་ཚ་རྫོང་ཆོས་འཁོར་རྒྱལ་ལྷ་མོའི་བླ་མཚོ་ནི་ལྷ་ས་ནས་ཤར་ལྷོའི་མཚམས་སུ་མལ་ལེ་དགུ་བཅུ་གོ་ལྔ་སྟེ། རྟ་ཐོག་ཉིན་ཞག་དྲུག་གི་སར་གནས་པའི་ཆོས་འཁོར་དགོན་པའི་འཁྲིས་གཡའ་རིའི་ཁྲོད་དུ་འཁྱིལ་ཞིང་། ཕྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་དཀྱིལ་ཙམ་ནས་གནས་སྒོ་ཕྱེས་པའི་མ་འོངས་ལུང་བསྟན་གྱི་མཚོ་མཇལ་ཞུ་ཡུལ་རྩ་ཆེན་ཞིག་ཏུ་གྱུར་ཡོད། སྔར་མཚོ་དེ་ཤིན་ཏུ་གཉན་པས་ཉེ་འགྲམ་དུ་སྐད་ཅོར་བརྒྱབ་ན་སེར་བ་འབབ་པ་སོགས་ཁྲོས་འཁྲུག་གི་རྣམ་པ་སྟོན་གྱིན་ཡོད། ཕྱིས་རྒྱལ་དབང་དགེ་འདུན་རྒྱ་མཚོ་དགུང་ལོ་སོ་བརྒྱད་སྟེང་གནས་དེར་ཕེབས་ནས་ཐུགས་སྨོན་དང་འབྲེལ་དཔལ་ལྡན་ལྷ་མོ་སྤྱན་དྲངས་པར་ཤར་ཕྱོགས་ནས་བུ་ཡུག་ཅིག་བྱུང་སྟེ་མཚོ་དེར་ཐིམ་མ་ཐག་མཚོ་དེའི་ཁ་དོག་འགྱུར་ཏེ། སྐབས་རེར་འཇའ་ཚོན་སྣ་ ལྔའི་དྲ་བ་དང་། སྐབས་རེར་ཕོ་བྲང་རྒྱ་ཕིབས་དང་བཅས་པ་ལྔ་སྦྲགས་སུ་མངོན་སུམ་ལྟ་བུར་སྣང་བ་དང་། ཡང་མཚོ་དེ་ནམ་མཁའི་མདོག་ལྟ་བུ་གཉིས་སུ་སོང་བའི་ནང་དབྱིབས་གྲུ་བཞི་དང་ནར་སྟབས་སུ་ཡོད་པའི་རི་དེའུའི་རྣམ་པ་ཅན་གཉིས་སྔར་མེད་ནམ་མཁར་སྙེག་བཞིན་ལངས་པ་ཤིན་ཏུ་འཇིགས་ཤིང་ངོ་མཚར་ཆེ་བ། མཚོ་ཐམས་ཅད་གནམ་དུ་ཁོལ་བ་འོ་མའི་མདོག་ལྟ་བུ་ཆུ་མདོག་དང་གཏན་ནས་མི་མཚུངས་པར་གྱུར་ཞིང༌། གཟུགས་སྣང་ངོ་མཚར་བ་ཇི་སྙེད་ཅིག་ མཐུན་སྣང་དུ་བྱུང་བ་ནི་མཚོ་གཟིགས་ཀྱི་ཐོག་མ་དེ་ནས་བཟུང་ད་ལྟའི་བར་དད་ལྡན་ཚོས་ མཚོ་མཇལ་དང་འབྲེལ་ལྐོག་གྱུར་གྱི་དོན་གནད་མང་པོའི་ཐོག་གསང་ལུང་ལྟ་བུ་ཞུ་བཞིན་ཡོད། དཔལ་ལྡན་ལྷ་མོའི་ཞི་རྒྱས་དབང་དྲག་གི་འཕྲིན་ལས་མཛད་པའི་རིམ་པ་དང་འབྲེལ་བའི་ངོ་མཚར་མཐུན་སྣང་གི་གྲུབ་དོན་ཅིག་སྟེ། ལྐོག་གྱུར་དོན་གནད་སྤྱི་དང་། ཁྱད་པར་རྒྱལ་བ་ཡབ་སྲས་ཀྱིས་གཙོས་པའི་བླ་སྤྲུལ་སྐྱེས་ཆེན་དག་གི་འཁྲུལ་བྲལ་ཡང་སྲིད་ངོས་འཛིན་ཞུ་བའི་གོ་རིམ་ དང་ལས་དོན་ཁྲོད་གནད་འགག་ཆེན་པོ་ཞིག་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ ༡༩༣༣ ཟླ་ ༡༠ ཚེས་ ༣༠ སྐུ་མྱ་ངན་ལས་འདས་རྗེས་ཀྱི་ལོ་གཉིས་པ་ཕྱི་ལོ་ ༡༩༣༥ ལོར་ ྋརྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་མཆོག་སྐུ་དངོས་རྒྱལ་བའི་ཡང་སྲིད་གང་དུ་སྐུ་བལྟམས་ཡོད་མེད་བརྟག་དཔྱད་ཆེད་ལྷ་མོའི་བླ་མཚོར་མཇལ་བར་ཕེབས་ཏེ་ཉིན་ཞག་འགའི་རིང་དཔལ་ལྡན་ལྷ་མོའི་འཕྲིན་བསྐུལ་དང་བསྐང་བཤགས་འབུམ་ཐེར་གནད་སྨིན་གྲངས་གསོག་གིས་ཐུགས་སྨོན་དང་འབྲེལ་མཚོ་གཟིགས་གནང་བར། བླ་མཚོའི་ ནང་ནས་བོད་ཡིག་དབུ་ཅན་གྱི་ཡིག་འབྲུ་ཆེན་པོ་ཨ ཀ མ ཞེས་དང༌། དེའི་རྗེས་དགོན་པ་ཐོག་རྩེག་གསུམ་པ་བར་ཐོག་གཡུ་རྩི་ཅན་ཡང་སྟེང་དུ་གསེར་ཟངས་ཀྱི་རྒྱ་ཕིབས་ཡོད་པ། དགོན་པའི་ ཤར་ཕྱོགས་ནས་འགྲོ་ལམ་སྐྱ་ཐལ་ལེར་རི་ཆུང་ཞིག་གི་རྩ་བར་ཟུག་ཅིང་། དེའི་ཐད་ཀྱི་ཁང་པ་ཐོག་གཅིག་མ་སྟེང་ཐོག་སྔོན་པོ་བྱས་པ་གཅིག་ བཅས་ཀེའུ་ཚང་མཚན་ཞབས་རིན་པོ་ཆེ་རྣམ་གཉིས་ལྷན་བཞུགས་གཟིགས་སྣང་གཅིག་མཐུན་བྱུང་བ་བསྙེལ་ཐོར་བཀོད་གནང་བ་དང་། ད་དུང་དེ་བས་ཀྱང་གསལ་རྟོགས་ཆེ་བ་བསྟན་གནང་ཡོང་བའི་འཕྲིན་བསྐུལ་ཞུས་པར། ྋགོང་ས་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་འདི་ཉིད་སྐུ་བལྟམས་སའི་གཟིམ་ཁང་གི་སྒེའུ་ཁུང་ནས་ྋརྒྱལ་དབང་བཅུ་གསུམ་པ་ཆེན་པོས་གཟིགས་ནས་བཞུགས་པ་ཞིག་ཀྱང་མཉམ་གཟིགས་བྱུང་། དེ་བཞིན་གཞུང་བསྟེན་ལྷ་སྲུང་ཁག་གི་བཀའ་ལུང་བརྡ་རྟགས་རྩེ་མཐུན་བྱུང་བ་ལྟར། བོད་ཡུལ་ཤར་ཕྱོགས་སུ་ཡང་སྲིད་རྩད་ གཅོད་ཞུ་བར་ཆེད་བསྩལ་མི་སྣ་ཨ་མདོ་སྐུ་འབུམ་དགོན་པར་ཕེབས་མཚམས། ལྷ་མོའི་བླ་མཚོའི་མཚོ་གཟིགས་ཡི་གེ་ ཨ་ ཀ་ མ་ གསུམ་གྱི་ཨས་ཨ་མདོ་དང༌། ཀས་ནི་སྐུ་འབུམ་ཞེས་པའི་མིང་ཡིག་དང་པོའམ། ཡང་ན་ཀ་མཋ གཉིས་པོས་འཁྲུངས་གཞིས་སྟག་འཚེར་ཀྱི་རིའི་སྟེང་ཡོད་པའི་ཀརྨ་རོལ་བའི་རྡོ་རྗེའི་དགོན་པ་དེའི་མཚན་སྒྲ་མཚོན་པའི་ངེས་པ་རྙེད། སྐུ་འབུམ་ དགོན་པ་དང་འཁྲུངས་གཞིས་སྟག་འཚེར་གྱི་ཁོར་ཡུག་དང་བཅས་པའི་ཡུལ་གྱི་བཀོད་པ་གཙོ་ཁག་མཚོ་མཇལ་ཇི་ལྟ་བ་བཞིན་མིག་གི་དགའ་སྟོན་དུ་གྱུར་པས་ཡང་སྲིད་འཁྲུལ་བྲལ་ངེས་རྙེད་ཐུབ་རྒྱུའི་ཡིད་ཆེས་གདེངས་འཁེལ་བྱུང་བས་མཚོན་ཆོས་འཁོར་རྒྱལ་ལྷ་མོའི་བླ་མཚོ་ནི་ཡི་གེ་དང་རི་མོའི་ལམ་ནས་དོན་གནད་གསལ་སྟོན་གྱི་ཁྱད་ཆོས་ལྡན་པ་ཞིག་ཡིན་སྟབས། བོད་མི་སེར་སྐྱ་མང་ཚོགས་ཀྱིས་ཡིད་ཆེས་བློས་འགེལ་བྱེད་མཚོ་དེ་འདྲ་བོད་ས་སྟོད་སྨད་གང་སར་མང་པོ་ཡོད་ཀྱང་། འདི་ཉིད་རྒྱལ་དབང་དགེ་འདུན་རྒྱ་མཚོས་དཔལ་ལྡན་ལྷ་མོའི་བླ་མཚོར་བྱིན་གྱིས་བརླབས་ཤིང་གནས་སྒོ་ཕྱེ་བར་བརྟེན། དོ་སྣང་རྩ་ཆེར་འཛིན་ཅིང་སྐད་གྲགས་ཆེ་ཤོས་བྱེད་པའི་མཚོ་མོ་ཁྱད་དུ་འཕགས་པ་ཞིག་ཡིན། ལྷ་མོའི་བླ་མཚོར་རྒྱལ་བའི་སྐུ་གསུང་ཐུགས་རྟེན་ གྱིས་མཚོན་པའི་རྟེན་དང་བརྟེན་པ་གསར་ བཞེངས་རྣམ་དཀར་དགེ་བའི་བྱ་བ་སྤྱི་དང༌། གོད་ཆག་རྐྱེན་ངན་གྱི་འབྱུང་གཞི་བཟློག་ཐབས་དང་བཅས་པའི་རིམ་པ། གཞན་ཡང་ཁྱིམ་ཚང་ཕལ་བའི་བདེ་སྡུག་བླང་དོར་ཚུན་མ་ནོར་ལམ་སྟོན་གྱི་ མ་འོངས་ལུང་བསྟན་དུ་བརྩི་སྲོལ་ཡོད་པ་སྨོས་ཅི། ལྷག་པར་རྒྱལ་མཆོག་ཡབ་སྲས་ཀྱིས་གཙོས་བླ་སྤྲུལ་ཆེ་ཁག་གི་ཡང་སྲིད་འཁྲུལ་བྲལ་ངེས་རྙེད་རྩད་གཅོད་ཞུ་ཐབས་བསླུ་བ་མེད་པའི་གལ་ཆེའི་གསང་ལུང་ལྟ་བུར་ཀུན་གྱིས་ཡིད་ཆེས་བྱེད་བཞིན་ཡོད། དེ་ནི་ལྷ་མོའི་བླ་མཚོ་འདི་བཞིན་དཔལ་ལྡན་ལྷ་མོས་དངོས་སུ་གནད་འགག་སྟོན་ པའི་མེ་ལོང་དང་རྒྱལ་དབང་དགེ་འདུན་རྒྱ་མཚོ་ནས་རིམ་བརྒྱུད་བླ་སྤྲུལ་སྐྱེས་ཆེན་དུ་མས་བྱིན་འབེབས་རབ་གནས་མཛད་པའི་རིན་ཐང་བྲལ་ཞིང་རྩ་འགངས་ཆེ་བའི་གནས་མཆོག་ཞིག་ཏུ་ངོས་འཛིན་བྱེད་པ་ཡིན། རྒྱལ་བ་མཆོག་རབ་དགེ་འདུན་རྒྱ་མཚོའི་སྡེས། །དཔལ་ལྡན་ལྷ་མོའི་བྱིན་རླབས་མཛོད་བརྒྱའི་སྒོ། །དུས་གསུམ་ངོ་མཚར་ཇི་བཞིན་གསལ་བའི་འཆར་བའི་ལྟད་མོ་འཇིག་རྟེན་རྒྱན་དུ་བསྩལ། །གཞན་ཡང་བླ་མཚོ་དེའི་ཉེ་འགྲམ་དུ་སྒྲོལ་མ་ཉེར་གཅིག་གི་བླ་མཚོ་དང༌། གེ་ སར་གྱི་བླ་མཚོ། ལྕམ་སྲིང་གི་བླ་མཚོ་སོགས་ཀྱང་མཇལ་རྒྱུ་ཡོད།
|