མཚོ་བོད་ལྕགས་ལམ་གྱིས་འཛམ་གླིང་གི་སྣེ་གསུམ་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔེ་སྟོན་མིག་དཔེ་བསྐྲུན་པ།

   འཛམ་གླིང་སྟེང་མཚོ་ངོས་ལས་ཆེས་མཐོ་བའི་མཚོ་བོད་ལྕགས་ལམ་སྟེང་མེ་འཁོར་ཤར་གཏོང་བྱས་ནས་ལོ་ངོ་བདུན་ལྷག་གི་རིང་ལ་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་དང་རི་དྭགས་གཙོད་སོགས་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ལ་མི་ལེགས་པའི་ཤུགས་རྐྱེན་ཅི་ཡང་བཟོས་མེད། མཚོ་བོད་ལྕགས་ལམ་ནི་འཛམ་གླིང་གི་སྣེ་གསུམ་པར་གནས་པ་དང་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་དེ་ཉམས་ཆུང་ཉག་ཕྲའི་གནས་སུ་ལྷུང་ཡོད། གནས་འདི་ནི་རྨ་ཆུ་དང་འབྲི་ཆུ། རྒྱལ་མོ་དངུལ་ཆུ། ཡར་ཀླུང་གཙང་བོ་སོགས་ཆུ་ཆེན་ལྔའི་འབྱུང་གནས་ཡིན་པར་མ་ཟད། རི་དྭགས་གཙོད་དང་རྐྱང་། གསའ་སོགས་རྒྱལ་ཁབ་རིམ་པའི་གཅེས་ནོར་གྱི་གནས་མལ་ཡིན་པས། གནས་འདིའི་སྐྱེ་ཁམས་ཁོར་ཡུག་ལ་གནོད་པ་ཐེབས་ཚེ་གཞི་ནས་སླར་གསོ་བྱེད་དཀའ།

   མཚོ་བོད་ལྕགས་ལམ་ཀུང་ཟིའི་སྤྱི་གཉེར་བ་གཞོན་པ་ཀྲུའུ་ཅན་ཕེན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ལོ་ངོ་བདུན་གྱི་རིང་ལ་མཚོ་བོད་ལྕགས་ལམ་ཀུང་ཟིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ལྗང་མདོག་གི་བགྲོད་ལམ་བཟོ་སྐྲུན་ཤུགས་ཆེན་གྱིས་ལག་བསྟར་བྱས་པ་དང་། མིག་སྔར་ལྕགས་ལམ་འགྲམ་རྒྱུད་ཀྱི་ལྗང་མདོག་གི་ཁེབས་ཚད་དེ་སྤྱི་ལེ་དྲུག་བརྒྱ་བརྒྱད་ཅུར་སླེབ་ཡོད་ལ། ལྗང་མདོག་གི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ལྔ་བརྒྱ་བདུན་ཅུ་ལྷག་ཡོད་པས། དེས་སྤྱིའི་རིང་ཚད་ཀྱི་བརྒྱ་ཆའི་སོ་གཉིས་ཟིན་པ་དང་ལེ་དབར་སྟོང་ཕྲག་གི་ལྗང་མདོག་བགྲོད་ལམ་ཞིག་ངང་གིས་གྲུབ་ཡོད་ཟེར།

    མཚོ་བོད་ལྕགས་ལམ་ཀུང་ཟིས་ཁྱོན་བསྡོམས་པས་བཙོག་ཆུ་ལེགས་བཅོས་བྱེད་སའི་ས་ཚིགས་བཅོ་ལྔ་བཙུགས་ཡོད་པ་དང་ལྕགས་ལམ་གྱི་འགྲམ་རྒྱུད་སོ་སོར་གད་སྙིགས་འཕོ་སའི་འགྱིགས་སྒམ་བཞག་ཡོད་པར་མ་ཟད། བོད་སྐྱོད་མེ་འཁོར་སྟེང་དུ་ཆེས་སྔོན་ཐོནཔ་གྱི་ཚད་གཞིར་སླེབ་པའི་དབྱིབས་ཆུང་གད་སྙིགས་བསྡུ་བྱེད་མ་ལག་དང་བཙོག་ཆུ་ལེགས་བཅོས་མ་ལག་བཙུགས་ནས་ས་ངོས་དང་མེ་འཁོར་སྟེང་དུ་སྦག་བཙོག་ཕྲ་མོ་ཙམ་ཡང་མེད་པའི་ལྗང་མདོག་ལས་རིགས་ཀྱི་དམིགས་འབེན་ལ་བསླེབས་པར་བྱས་ཡོད།

   ཉེ་བའི་ལོ་འགའི་རིང་ལ་རི་དྭགས་གཙོད་ཀྱི་ཁ་གྲངས་མངོན་གསལ་གྱིས་ཇེ་མང་ལ་འགྲོ་བཞིན་ཡོད། ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོང་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཞའོ་ཕུན་ཧུའུ་ཡིས་བཤད་རྒྱུར།  རི་སྐྱེས་སྲོག་ཆགས་ལ་བགྲོད་ལམ་ཡོད་པར་བྱེད་པ་སོགས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཨ་ཆེན་གངས་རྒྱབ་ས་ཁུལ་གྱི་རི་དྭགས་གཙོད་དེ་ཉིས་སྟོང་དྲུག་ལོའི་ཁྲི་ལྔ་ནས་ད་ལྟ་ཁྲི་དྲུག་ལ་འཕེལ་ཡོད་པ་དང་རི་དྭགས་གཙོད་ཀྱི་ཁྱུ་ཚོགས་རིམ་བཞིན་ཇེ་མང་ནས་ཇེ་མང་ལ་འགྲོ་བཞིན་ཡོད་ཟེར།

   ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གིས་ཞིབ་བཤེར་བྱས་པ་ལྟར་ན། མཚོ་བོད་ལྕགས་ལམ་གྱིས་ཁོར་ཡུག་སྲུང་སྐྱོབ་ཐད་ལ་སྤྱད་པའི་བྱེད་ཐབས་སྣ་ཚོགས་རིམ་གྱིས་སྔོན་དཔག་བྱས་པའི་དམིགས་འབེན་ལ་བསླེབས་ཡོད་པ་དང་། ཉིས་སྟོང་བརྒྱད་ལོར་མཚོ་བོད་ལྕགས་ལམ་གྱི་་ན་གོར་མོ་ནས་ལྷ་སའི་བར་གྱི་རིམ་པ་ལ་རྒྱལ་ཁབ་ཁོར་ཡུག་མཛའ་འབྲེལ་བཟོ་སྐྲུན་གྱི་བྱ་དགའ་ཐོབ།

                                                      ཞིན་ཧྭ་གསར་འགྱུར་དྲ་བ་ལས།


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2013/7/15 བལྟ་ཀློག (1708)