གཡག་མགོ་སྐམ་པོ །
སྟེས་དབང་གིས་སྙན་ཤལ་འཐེན་ཞིང
ཐྲིག་ཐྲིག་གི་གོམ་སྒྲའི་སྦུབས་སུ
ས་ཆེན་གྱི་སྨག་རུམ་བཅོམ་སྟེ
རྣམ་ཤེས་དབྱེར་མེད་ཀྱི་དུར་ཁྲོད་དུ
འདྲེ་འབོད་རྐང་གླིང་དེ་བུས་དུས
ཁོ་བོ་གཞི་ནས་སད་བྱུང
གོམ་པ་མདུན་ཕྱོགས་སུ་སྤོ་བཞིན
སྙིང་རུས་དང་དད་འདུན་བསྐྱེད་ནས
དྲག་གནོན་བུ་ཡུག་གིས་ཁོ་ཚོ་ཁོག་གིན་མི་འདུག
ལྕགས་ཀྱི་སྡོང་བོ་དེ་སྒུལ་གྱིན་པ་འདྲ་ཡང
རླུང་བུ་གཡུག་མཚམས་མ་བཞག་པས
ཤི་མིག་དེས་ཅི་ཡང་མཐོང་གིན་མེད
སྐབས་དེར
ངས་རྨི་ལམ་རྨི་ལམ་དུ་ཤེས་ཤིང
རྣམ་ཤེས་རྣམ་ཤེས་སུ་ཤེས་ན་ཅི་མ་རུང
སྨྲ་བརྗོད་ཇེ་གསལ་དུ་བཏང་སྟེ
སྒེའུ་ཁུང་དུ་བསྐྱར་འབོད་བྱས་ན་ཡང
མཁའ་ན་ཟླ་བ་མེད
དགུང་ན་སྐར་ཚོགས་མེད
དེ་བས་སྨག་ཧ་ཅང་གནག་སྟབས
སུ་ཞིག་གིས་ཨ་ལན་སྟེར་ངེས་སམ
ཡིན་ཀྱང་སྲིད་དེ
ང་ལྷིང་འཇགས་ཀྱིས་འཚོས་ཡོད
ངས་གོམ་པ་སྤོ་བཞིན་ཡོད
བྱ་དངོས་མཐའ་དག་ལ་འཛེམ་བག་མེད་པར
རུལ་སུང་རྟ་རྫི་ལ་ལེ་བདའ་བྱེད་བཞིན
ངས་གོམ་པ་སྤོ་བཞིན་ཡོད
ངས་མདུན་ཕྱོགས་སུ་གོམ་པ་སྤོ་བཞིན་ཡོད
ཁྱོད་ཀྱི་ཆེད་དུ
ཡང་ན་ང་ཡི་དོན་དུ
ད་དུང་་་་་་
༢.དེ་རིང་ངས་བུ་མོ་ཞིག་དྲན་གྱིན་འདུག
ཨ་གར་ལྗོན་ཤིང་ལྟ་བུའི་སྐྱེ་གཟུགས་ཕྲ་མོ།
འབྱམས་ཀླས་རྩྭ་ཐང་ལྟ་བུའི་སེམས་རྒྱ་ཡངས་མོ།
ལུག་མིག་མེ་ཏོག་ལྟ་བུའི་གཤིས་ཀ་འཇམ་པོ།
སྐད་ཆ་བཤད་ཤེས་པ་ལྟ་བུའི་མིག་ཟུང་སོགས།
བདག་གི་རྨི་ལམ་གྱི་རྒྱུ་ཆ་རུ་གྱུར།
ཨ་རི་ནས་འཆི་མེད་ལྷ་སྒྲོལ་གྱིས་ངུ་རྒྱངས་བྱས་ཀྱང༌།
འཇར་པན་ནས་བདེ་སྐྱིད་མེ་ཏོག་གིས་གློག་འཕྲིན་བཏང་ཡང༌།
རྒྱ་གར་ནས་ལྷ་ལྕམ་སྲས་མོ་ཡིས་ཁ་པར་ཐོན་ཀྱང༌།
དབྱི་རག་ནས་ཚེར་མ་ལྷ་མོ་ཡིས་བརྡ་འཕྲིན་བཏང་ཡང༌།
ཀྲུང་གོ་ནས་རྫུ་བག་ལྷ་མོ་ཡིས་ལག་གཡུག་བྱས་ཀྱང༌།
བོད་ནང་ནས་ཟླ་བའི་ལྷ་མོ་ཡིས་མིག་བརྡ་བསྟན་ཀྱང༌།
ངས་ཁྱེད་ཁོ་ནར་སྒུག་ཅིང༌། ང་ཁྱེད་ཁོ་ནར་འཐམ།
དེ་རིང་ངོ་མ་ངས་བུ་མོ་ཞིག་དྲན་གྱིན་འདུག
སྦྲ་གུར་དང་མེ་ཏོག་མོད་ས། ལུག་ཁྱུ་དང་སྤྲིན་པ་འཁྲུལ་ས།
ངའི་བྱིས་དུས་ཀྱི་སྤང་གཞུང༌། ངའི་སྒམ་བརླིང་གི་ཕ་ཡུལ་དེ་རུ།
ངའི་དུངས་སེམས་རྣམ་ཤེས་ལ་འདྲེས་ཤིང༌།
ངའི་རྨི་ལམ་བརྩེ་དུངས་ལ་འཐིམ་ཡོད།
བུ་མོ་དེ ངའི་སྙིང་གི་རུས་པ་དང་སེམས་ཀྱི་སྒལ་ཚིགས་ཡིན།
བུ་མོ་དེ གླིང་ཕྲན་ལྗང་ཁུ་ཞིག་གི་བདག་མོ་ཡིན།
བུ་མོ་དེ བུ་ཆུང་ཞིག་གི་ཕྲ་རྒྱན་དང་སོར་གདུབ་ཡིན།
བུ་མོ་དེ སྣ་བརྒྱའི་མེ་ཏོག་གྲས་ཀྱི་ཡང་རྩེ་ཡིན།
ཧ་ཅང་ལྷིང་འཇགས་ཀྱི་དུས་ཚིགས་དེར།
མི་ཡུལ་དུ་ཁ་བ་བབས་བྱུང་བས།
འཇིག་རྟེན་དུ་རྐང་རྗེས་ཕབ་ཐུབ་ཟེར།
རྨི་ལམ་ཐེངས་ཤིག་གི་རྗེས་སུ།
བདག་ལ་ཅི་ཡང་མེད་པ་ཚོར།
སྲ་མཁྲེགས་ཀྱི་རུས་པ།
མི་གཤིས་ཀྱི་ཆེ་བ།
སྒེར་ཚུགས་ཀྱི་བསམ་སྤྱོད།
ད་དུང༌། སྐད་ཆ་གཙང་མ་ཞིག་ཀྱང་མི་འདུག་པས།
ཁོ་བོས་རྨི་ལམ་ལ་ལེ་བདའ་བྱས་ཤིང༌།
འཇིག་རྟེན་ལ་ཁེངས་ར་བྱས་པ་བདེན་པར་གྲུབ།
གློ་བུར་གློ་བུར་དུ་ང་རང་སད་བྱུང་སྟེ།
སྟོན་མཇུག་སྟོན་མཇུག་ཏུ་ཤེས་ཤིང༌།
རྨི་ལམ་རྨི་ལམ་དུ་རྟོགས་པས།
རང་ལ་ཅི་ཡང་ཡོད་དེ།
བརྩེ་དུངས་ཀྱི་ཐམ་ག
རྣམ་ཤེས་ཀྱི་ཆེ་བ།
ལྷིང་འཇགས་ཀྱི་དུར་ཁྲོད།
གཏན་འདུན་གྱི་ཨ་ལོང་སོགས་མངའ་བས།
ཕྲན་གྱིས་ཀུ་ཡངས་བསམ་བློ་ལ་འབད་འབུངས་བྱས་ཤིང༌།
དུངས་པའི་ལྕུག་ཕྲན་ལ་གཡབ་མོ་གཡུགས་པ་དངོས་ཡོད་དྲང་བདེན་ལགས།
དེ་བས། ཕྲན་ལ་ཉེས་པ་ཅི་ཡང་མེད་དེ།
རང་གི་སྐེ་རགས་བཤིག་སྟེ། རྨི་ལམ་གཞན་ཞིག་རྨི་བར་བརྩམས་པའོ།
༢༠༡༢ལོའི<<རྨ་ཆུའི་རླབས་སྒྲ>>ལས། |