ལེ་པ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་མཐུན་སྦྱོར་པ་ཕུའུ་ལ་མུའུ་པུའུ་ལེ་ཡིས་ཚེས་ཉེར་དྲུག་ཉིན་པེ་རུ་ཐི་ནས་ནན་གྱིས་བཤད་རྒྱུར། བྱེད་ཐབས་སྤྱད་དེ་ལེ་པ་ནུན་གྱི་འཇིགས་སྐུལ་འཇབ་རྒོལ་རབས་དང་རིམ་པའི་ཉེས་ཅན་མྱུར་དུ་འཛིན་བཟུང་བྱེད་དགོས་ཟེར།
ལེ་པ་ནུན་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། ཕུའུ་ལ་མུའུ་པུའུ་ལེ་ཡིས་ཉིན་དེར་ལེ་པ་ནུན་ལྟ་སྲུང་སྲིད་གཞུང་གི་ཙུང་ལི་མེ་ཁ་ཐིས་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་གཙོ་བོ་ལེ་པ་ནུན་ནས་ཉེ་སྔོན་བྱུང་བའི་འཇིགས་སྐུལ་འཇོབ་རྒོལ་དོན་རྐྱེན་མང་པོའི་ཐད་ནས་གྲོས་སྡུར་བྱས་ཟེར།
ཕུའུ་ལ་མུའུ་པུའུ་ལེ་ཡིས་བཤད་རྒྱུར། ད་ལྟའི་གནས་ཚུལ་འོག ལེ་པ་ནུན་གྱི་འབྲེལ་ཡོད་ཕྱོགས་ཁག་སོ་སོས་རང་ཚོད་བཟུང་སྟེ་བདེ་འཇགས་ལས་ཁུངས་ལ་མཉམ་ལས་བྱས་ནས། འཇིགས་སྐུལ་འཇབ་རྒོལ་གྱི་ཉེས་ཅན་འཛིན་བཟུང་བྱེད་དགོས་པ་མ་ཟད། མཐུན་སྒྲིལ་ལ་སྲུང་སྐྱོབ་བྱས་ཏེ་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་དགོས་ཟེར། ཕུའུ་ལ་མུའུ་པུའུ་ལེ་ཡིས་ལེ་པ་ནུན་གྱིས་མྱུར་དུ་སྟོབས་དང་ལྡན་ཞིང་ཕན་ནུས་མཐོ་བའི་སྲིད་གཞུང་བཙུགས་ཏེ། རྒྱལ་ཡོངས་ཀྱི་གྲོས་མོལ་སླར་གསོ་བྱེད་དགོས་ཟེར། ཁོས་ད་དུང་ལེ་པ་ནུན་གྱི་ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ཏེ། སི་རི་ཡའི་འཁྲུག་རྩོད་ཀྱིས་ལེ་པ་ནུན་གྱི་ཆབ་སྲིད་དང་བདེ་འཇགས་གནས་བབ་ལ་གནོད་པ་མི་ཐེབས་པར་བྱེད་དགོས་པའི་འབོད་སྐུལ་བཏང་།
ཉེ་སྔོན་སི་རི་ཡའི་དམག་འཁྲུག་ཚབས་ཇེ་ཆེར་སོང་བར་བསྟུན་ནས། སི་རི་ཡའི་ཉམས་ཉེན་གྱིས་ལེ་པ་ནུན་ལ་གནོད་པ་ཐེབས་ཏེ། རྒྱལ་ས་པེ་རུ་ཐི་སོགས་ས་ཆ་མང་པོ་ནས་རླངས་འཁོར་འགས་གཏོར་དང་མེ་ཤུགས་འཕུར་མདའི་འཇབ་རྒོལ། མི་གཏའ་བཙན་ཁྲིད། དྲག་ཆས་འཁྲུག་རྩོད་སོགས་དྲག་ཤུགས་དོན་རྐྱེན་བསྟུད་མར་བྱུང་། ཟླ་འདིའི་ཚེས་བཅོ་ལྔ་ཉིན། པེ་རུ་ཐིའི་ལྷོ་འདབས་སུ་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་ནས། མི་ཉེར་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་སུམ་བརྒྱ་དང་སོ་དྲུག་ལ་རྨས་ཕོག ཚེས་ཉེར་གསུམ་ཉིན། ལེ་པ་ནུན་གྱི་བྱང་ཕྱོགས་གྲོང་ཁྱེར་ཏི་ལེ་པོ་ལེ་ནས་འགས་གཏོར་དོན་རྐྱེན་གཉིས་བྱུང་སྟེ། མི་སོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་དགུ་བརྒྱ་ལ་རྨས་ཕོག
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས་ལས།
|