ཞི་ཅིན་ཕེན་གྱིས་ལེའོ་ཉིན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།

ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་ནས་ཚེས་སོ་གཅིག་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུངདབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ལེའོ་ཉིན་གྱི་བྱ་བར་རྟོག་ཞིབ་མཛད། ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕེན་གྱིས་ཧྲིན་དབྱང་གྲོང་ཁྱེར་ཧྲིན་ཧི་ཁུལ་ལྷོ་སྲང་ཆེན་མོའི་ཏོ་ཧྥུའུ་སྡོད་ཁུལ་ནས་ལས་རྐང་ལས་བུད་པའི་ལས་བཟོ་བ་དང་། ཡང་བསྐྱར་ལས་ཀར་ཞུགས་མཁན། ལས་འཁྱུར་ངལ་གསོ་བྱས་པའི་ལས་བཟོ་བ། སྡོད་ཁུལ་གྱི་ལས་བྱེད་པའི་འཐུས་མི་བཅས་དང་བཞུགས་མོལ་མཛད།


   ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུངདབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་ནས་ཚེས་སོ་གཅིག་ཉིན་བར་ལེའོ་ཉིན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་སྐབས། ཤར་བྱང་ས་ཁུལ་སོགས་བཟོ་ལས་རྟེན་གཞི་རྙིང་བ་ཕྱོགས་ཡོངས་ནས་དར་རྒྱས་སུ་གཏོང་བ་ནི་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་འཐབ་ཇུས་ཡིན་པས། ཉམས་མྱོང་སྤྱི་སྡོམ་དང་སྲིད་ཇུས་འཐུས་ཚང་དུ་བཏང་ནས། འཕེལ་རྒྱས་འཐབ་ཇུས་གསར་སྐྲུན་དང་དེར་ཡར་སྐུལ་གཏོང་བ། བཟོ་ལས་ཀྱི་འགྲན་ཤུགས་གཙོ་བོ་ཇེ་ཆེར་གཏོང་བ་དང་། འཐབ་ཇུས་རང་བཞིན་གྱིས་གསར་བྱུང་ཐོན་ལས་དང་སྲོལ་རྒྱུན་གྱི་སྐྲུན་བཟོ་ལས་རིགས་གཉིས་མཉམ་དུ་འཕེལ་རྒྱས་སུ་གཏོང་བ་དང་། དེང་རབས་ཞབས་ཕྱི་ལས་རིགས་དང་སྲོལ་རྒྱུན་གྱི་ཞབས་ཕྱིའི་ལས་རིགས་ཀྱིས་ཕན་ཚུན་སྐུལ་བ། ཆ་འཕྲིན་ཅན་དང་བཟོ་ལས་ཅན་མཉམ་བསྲེས་ཀྱི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་བ་ཞིག་ཆགས་པར་བྱས་ཏེ། བཟོ་ལས་རྟེན་གཞི་རྙིང་བ་ཕྱོགས་ཡོངས་ནས་དར་རྒྱས་སུ་གཏོང་བར་ཡར་སྐུལ་གཏོང་དགོས་ཞེས་ནན་གྱིས་བསྟན།

        འབྲས་ལྡན་དུས་ཀྱི་ཧྲིན་དབྱང་གི་ག་ས་ཀུན་ཏུ་སྐྱེས་སྟོབས་ཀྱིས་ཁེངས་ཡོད། ཞི་ཅིན་ཕེན་ལེའོ་ཉིན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་མེན་དང་ཧྲིན་ཀྲང་ཁྲིན་ཀྲིན་གོ་དང་ལྷན་དུ། ཏ་ལེན་དང་ཧྲིན་དབྱང་སོགས་ས་ཁུལ་དུ་ཕེབས་ཏེ། བཟོ་ལས་རྟེན་གཞི་རྙིང་བ་ལེགས་སྒྱུར་དང་སྒྱུར་བཀོད། དར་རྒྱས་དང་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་མཛད།

      ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕེན་ཏ་ལེན་དུ་འབྱོར་མ་ཐག དྲག་ཆར་ལ་མ་འཛེམས་པར་ཏ་ལེན་གྲུ་གཟིངས་ལྕི་བའི་བཟོ་ལས་སྡེ་ཚོགས་རྒྱ་མཚོའི་བཟོ་སྐྲུན་ཚད་ཡོད་ཀུང་ཟིར་ཕེབས་ཏེ་བྱ་བར་རྟོག་ཞིབ་མཛད། ཁོང་གིས་ཀུང་ཟིའི་འཕེལ་རྒྱས་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན་རྗེས། ཁོ་ཚོས་ཚན་རྩལ་གྱི་ཡང་རྩེར་སྙེག་ཕོད་པ་དང་། ཁྲོམ་ར་ཤུགས་ཆེན་གྱིས་རྒྱ་བསྐྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་ཁས་བླངས། ཁོང་གིས་རྒྱ་མཚོའི་ལས་དོན་ནི་མི་རིགས་འཚོ་གནས་དང་འཕེལ་རྒྱས་ཀྱི་རྣམ་པ་དང་། རྒྱལ་ཁབ་ཀྱི་དར་རྒུད་ལ་འབྲེལ་བ་ཡོད་པས། རྒྱ་མཚོ་འཛུགས་སྐྲུན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་འབྱོར་རྒྱས་བར་བྱེད་པའི་དགོས་མཁོར་བསྟུན་པ་དང་། རྒྱ་མཚོའི་བཟོ་སྐྲུན་སྐྲུན་བཟོ་ལས་རིགས་ཀྱི་འཐབ་ཇུས་རང་བཞིན་གྱི་གསར་བྱུང་ཐོན་ལས་མྱུར་དུ་དར་རྒྱས་སུ་གཏོང་བ་དང་། རྒྱ་མཚོ་གསར་སྤེལ་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ནས། རྒྱ་མཚོ་དཔལ་འབྱོར་དེ་འཕེལ་སྣོན་འབྱུང་ས་གསར་བར་བསྒྱུར་དགོས་ཞེས་གསུངས།

      ཟླ་བརྒྱད་པའི་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར། ཞི་ཅིན་ཕེན་ཏ་ལེན་མཐོ་གསར་ལག་རྩལ་ཐོན་ལས་ར་བར་ཡོད་པའི་ཏུང་རོན་སྡེ་ཚོགས་ཏ་ལེན་ཚད་ཡོད་ཀུང་ཟིར་ཕེབས་ཏེ། ཐོན་ལས་ར་བའི་འགན་ཁུར་པས་རང་བདག་གསར་སྐྲུན་སྐོར་གྱི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་།  ཏུང་རོན་ཆ་འཕྲིན་ཅན་གྱི་ཐོན་རྫས་གསར་བཟོ་བཀོལ་སྤྱོད་གནས་ཚུལ་ལ་རྒྱུས་ལོན་མཛད། ཁོང་གིས་མཐོ་གསར་ལག་རྩལ་ཐོན་ལས་ཁུལ་གྱིས་ཚན་རྩལ་དང་ཤེས་ལྡན་པ། སྲིད་ཇུས་སོགས་སྒྲིག་བཀོད་བྱེད་པར་དམ་འཛིན་བྱས་ཏེ། ཆ་འཕྲིན་ཅན་དང་བཟོ་ལས་ཅན་མཉམ་བསྲེས་ཟབ་མོ་བྱེད་པ་དེ་བྱེ་བྲག་གི་ལས་སྒོ་དང་ཐོན་ལས། ཐོན་རྫས་བཅས་ཀྱི་ཐད་དོན་ཐོག་ཏུ་འཁྱོལ་བར་ཡར་སྐུལ་གཏོང་དགོས་པའི་ཐུགས་རེ་བཏོན།

    ཟླ་བརྒྱད་པའི་ཚེས་སུམ་ཅུའི་ཉིན། ཞི་ཅིན་ཕེན་གྱིས་ཧྲིན་དབྱང་གྲོང་ཁྱེར་ནུབ་ཁུལ་དུ་ཡོད་པའི་ཧྲིན་དབྱང་ཡོན་ཏ་ཁེ་ལས་སྡེ་ཚོགས་དང་། ཧྲིན་དབྱང་འཁོར་སྟེགས་སྡེ་ཚོགས་ཚད་ཡོད་འགན་འཁྲི་ཀུང་ཟི་སོགས་ཀྱི་ཐོན་རྫས་བྱེད་ནུས་དང་བཀོལ་སྤྱོད། ལག་རྩལ་གསར་སྐྲུན་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད་པར་མ་ཟད། ཉིན་དེའི་ཕྱི་དྲོར། ཆེད་དུ་ཧྲིན་ཧི་ཁུལ་ལྷོ་སྲང་ཆེན་མོའི་ཏོ་ཧྥུའུ་སྡོད་ཁུལ་དུ་ཕེབས་ཏེ། ཐོན་ལས་བཟོ་བའི་སྡོད་གནས་ཆ་རྐྱེན་དང་། ཡང་བསྐྱར་ལས་ཀར་ཞུགས་ཚུལ། དམངས་འཚོ་འགན་སྲུང་གི་གནས་ཚུལ་བཅས་ལ་རྒྱུས་ལོན་མཛད།

     རྟོག་ཞིབ་མཛད་པའི་སྐབས་སུ། ཞི་ཅིན་ཕེན་གྱིས་ལེའོ་ཉིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་ཡར་ཞུ་ལ་ཉན་ནས། ལེའོ་ཉིན་གྱི་ཉེ་བའི་ལོ་འགའི་བྱ་བར་ཁས་ལེན་གང་ལེགས་མཛད་པར་མ་ཟད། ལེའོ་ཉིན་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏིན་ཞོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་འཛིན་པ་དང་། བཅོས་སྒྱུར་དང་གསར་སྐྲུན་བྱེད་ཕོད་པ་དང་། སྤྱོད་ཚུལ་ཕྱོགས་ཡོངས་ནས་ལེགས་སྒྱུར་བྱས་ཏེ། དཔལ་ཡོན་དང་བདེ་སྐྱིད་ལྡན་པའི་ལེའོ་ཉིན་གསར་བ་མྱུར་དུ་དར་རྒྱས་དང་འཛུགས་སྐྲུན་བྱེད་པར་བརྩོན་པ་ལྷོད་མེད་བྱེད་དགོས་པའི་ཐུགས་རེ་བཏོན།

      ལེའོ་ཉིན་གྱི་ས་ཁུལ་ཁ་ཤས་ལ་ཆུ་དགྲའི་གནོད་འཚེ་ཚབས་ཆེན་ཐེབས་ཏེ། མི་ལ་རྨས་དང་རྒྱུ་ནོར་ལ་གྱོང་གུད་ཅུང་ཆེན་པོ་བཟོས། ཞི་ཅིན་ཕེན་གྱིས་དོན་དེར་ཧ་ཅང་དོ་སྣང་མཛད། ཁོང་གིས་ས་དེའི་ལས་བྱེད་པར་གནོད་ཐེབས་མང་ཚོགས་ཀྱི་སྟོན་ཁ་དང་དགུན་དུས་ཀྱི་འཚོ་བར་བཀོད་སྒྲིག་ལེགས་པོ་བྱས་ཏེ། གནོད་ཐེབས་ས་ཁུལ་གྱི་སྤྱི་ཚོགས་བརྟན་འཇགས་ཡོང་བར་ཁག་ཐེག་དང་། གནོད་འཚེའི་རྗེས་ཀྱི་སླར་གསོ་དང་བསྐྱར་བསྐྲུན་བྱ་བ་དམ་འཛིན་བྱེད་དགོས་པའི་ཞལ་ཏ་གནང་།

    ཝང་ཧུའུ་ཉིན་དང་ཧྥན་ཁྲང་ལུང་། ལིས་ཀྲན་ཧྲུའུ་བཅས་དང་ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ཀྱང་སོ་སོར་རྟོག་ཞིབ་ལ་ཞུགས

                                      མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས།


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2013/9/2 བལྟ་ཀློག (1705)