མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡཱའི་སྲིད་གཞུང་གིས་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་བྱ་བ་སྤེལ་མགོ་བརྩམས་པར་བཤད་པ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྟོག་ཞིབ་མི་སྣས་དུག་རླངས་ཀྱི་འཇབ་རྒོལ་ཐེབས་སའི་ཡུལ་དངོས་སུ་དངོས་དཔེ་འཚོལ་བཞིན་པ།

     མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་ཚེས་དྲུག་ཉིན་བསྟན་དོན། སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་བྱ་བ་ཉིན་དེར་སྤེལ་མགོ་བརྩམས་པ་དང་། དེ་ལས་སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་གནད་དོན་ཐག་གཅོད་བྱེད་པའི་འཕེལ་རིམ་དེར་ངོ་བོ་རང་བཞིན་ལྡན་པའི་གྲུབ་འབྲས་ལྡན་པ་མཚོན་ཡོད།

    མཉམ་འབྲེལ་རྒྱལ་ཚོགས་དང་རྫས་འགྱུར་མཚོན་ས་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱི་ཆེད་མཁས་པ་དང་མཉམ་དུ་བྱ་བ་བྱེད་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་པོ་ཞིག་གིས་ཉིན་དེར་བདེན་དཔང་བྱས་དོན། ཚེས་དྲུག་ཉིན་ནི་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་ཉིན་དང་པོ་ཡིན་པ་དང་། རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་ཞོར་དུ་དཔྱད་ཞིབ་བྱ་བ་མུ་མཐུད་དུ་སྤེལ་རྒྱུ་ཡིན་ཟེར།

དཔོན་པོ་དེས་བཤད་རྒྱུར། མེད་པར་བཟོ་བའི་དངོས་རྫས་ལ་བེད་སྤྱོད་བྱས་པའི་རྫས་འགྱུར་མཚོན་ཆ་དང་། རྫས་འགྱུར་མཚོན་ཆ་བཟོ་སྐྲུན་བྱེད་པར་བཀོལ་བའི་སྣོད་ཆས་དང་སྒྲིག་ཆས་སོགས་འདུས་ཟེར། ཁོས་རྫས་འགྱུར་མཚོན་ཆ་ཇི་ལྟར་མེད་པར་བཟོ་བ་སོགས་གནས་ཚུལ་ཞིབ་ཏུ་མ་བཤད།

     རྫས་འགྱུར་མཚོན་ཆ་གཏན་འགོ་བྱེད་པའི་སྤྱི་ཆིངས་རྩ་འཛུགས་ཀྱི་སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་ཆེད་མཁས་ཚན་ཆུང་གི་སྐོར་ཐེངས་དང་པོའི་མི་སྣ་ཟླ་འདིའི་ཚེས་གཅིག་ཉིན་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་རུ་འབྱོར་ནས། སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་གནས་ཚུལ་ལ་རྟོག་ཞིབ་བྱེད་མགོ་བརྩམས་པ་རེད།

      མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་སྔོན་མའི་ཚེས་ཉེར་བདུན་ཉིན་སི་རི་ཡཱའི་གནད་དོན་གྱི་གྲོས་ཆོད་ལ་གྲོས་མཐུན་བཀོད་དེ། སི་རི་ཡཱའི་མངའ་ཁོངས་སུ་རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱེད་པའི་བྱ་སྤྱོད་བྱུང་བར་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། སི་རི་ཡཱ་རྒྱལ་ཁབ་ཀྱིས་རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་བར་མཉམ་ལས་བྱས་ཏེ་སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་འཆར་གཞི་མེད་པར་གཏོང་དགོས་པའི་རེ་བ་བཏོན།

                                      མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས་ལས།


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2013/10/7 བལྟ་ཀློག (1674)