མ་ལོ་དྲན་ཚུལ།

                                                  ཚེ་རིང་སྟོབས་ལྡན

སྨུག་སྤྲིན་ལང་ལོང་འཁྲིགས་བའི་སྦྲིན་ནག་གི་གསེབ་ནས།།

རྟ་བདུན་དབང་བོའི་འཛུམ་ཟེར་དྲོད་ཁོལ་གྱིས་བྱོན་ན།།

བྱམས་ལྡན་དྲིན་ཅན་མ་ལོའི་འཇམ་མཉེན་གྱི་ལག་པའི།།

ཁོ་བོའི་མགོ་ལ་བྱིལ་བྱིལ་གནང་བ་དེ་དྲན་བྱུང།།

གློག་འོད་ཆེམ་ཆེམ་རྒྱུ་བའི་གྲོང་ཁྱེར་གྱི་དབུས་སུ།།

སོས་དལ་བག་ཕེབས་བདེ་དགའི་འོ་འཚོ་དེ་མེད་པས།།

དྲིན་ཅན་མ་ལོ་བཞུགས་ལའི་སྦྲ་ནག་གི་ཕུགས་སུ།།

འགྲོ་འདོད་འདེན་པ་དྲག་པོ་དབང་མེད་དུ་སྐྱེས་བྱུང་།།

འཁྱག་བསིལ་ནམ་ཟླ་སྡུག་པོའི་དྲག་ཆར་གྱི་ཁྲོད་ནས།།

ཁེར་རྐྱང་འདབ་རྫབ་བར་གྱི་དཀའ་སྡུག་དེ་བསམ་ན།།

བསྐྱམས་པའི་རྨ་ཆུ་ལི་མའི་འགྲམ་རྒྱུད་ཀྱི་གྲོང་ནས།།

མ་བཙུར་མིག་ཆུའི་ཐིགས་པ་ཆུ་རྒྱུན་ལ་འདས་སོང་།།

སྟོན་གྱི་སྡོང་ལོ་འཐོར་ལའི་མྱ་ངན་གྱི་ཀློང་ནས།།

ཁུ་བྱུག་རྒྱང་ལ་འཕུར་བའི་སྟ་གོན་དེ་མཐོང་ན།།

ལག་པའི་འགྲམ་པ་བསྐྱོར་བའི་ངང་ཚུལ་དེའི་ཁྲོད་ནས།།

སུན་སྣང་ལུས་ལ་འདྲེས་པའི་བཟོ་ལྟ་ཞིག་ཐོན་བྱུང་།།

འཛིན་མའི་ཁ་དོག་འགྱུར་བའི་སྐྱོ་གདུང་གི་ལོ་ཟླ།།

མ་ལོའི་ལྷག་བསམ་དྲན་པའི་མིག་ཆུ་ཡི་གཏམ་རྒྱུད།།

དགོང་ཁའི་མཚམས་སྤྲིན་དམར་པོའི་འགྲུལ་བཞུད་དང་ལྷན་དུ།།

དྲིན་ཅན་མ་ལོར་ཐེངས་གཅིག་འཇལ་ན་རང་བསམ་བྱུང་།།

                                                            ངེད་དྲ་བ།


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2013/10/15 བལྟ་ཀློག (7400)