ཐུབ་གཞོན།→→→ཀིརྟི།
བོད་ཡིག་གསེར་འདྲ་ཡོད་ནོ་ཐོན་མིའི་དྲིན།།
བོད་བསྟན་ཉི་འདྲ་ཡོད་ནོ་ཙོང་ཁའི་དྲིན།།
བོད་འབངས་མྱི་འདྲ་ཡོད་ནོ་ལས་ཀྱི་དྲིན།།
དྲིན་ཆེན་འདི་དག་བཞད་པའི་རྐ་གཡང་སྐྱིད།།
ཁོག་ན་དམ་ཆོས་ཡོད་ནོ་བླ་མའི་དྲིན།།
ཁ་ན་མ་ཎི་ཡོད་ནོ་དད་པའི་དྲིན།།
ལག་ན་ཕྲེང་བ་ཡོད་ནོ་དགེ་བསྐུལ་དྲིན།།
དྲིན་ཆེན་འདི་གསུམ་འཛོམས་པའི་སྡེ་ཆེན་སྐྱིད།།
ཡིག་དྲུག་བྱིན་རླབས་ཆེ་ནོ་ཤཱཀྱའི་དྲིན།།
ཚུལ་ལྡན་རབ་བྱུང་མང་ནོ་འདུལ་བའི་དྲིན།།
སྦྱིན་བདག་དད་གུས་ཟབ་ནོ་ཆོས་ཀྱི་དྲིན།།
དྲིན་ཆེན་འདི་ག་མཆིས་པའི་ཡུལ་སྡེ་སྐྱིད།།
མ་ཎི་བདུན་སྒྲུབ་ཡོད་ནོ་སྐྱབས་མགོན་དྲིན།།
ལོ་རེར་ཆག་མེད་ཚོགས་ནོ་ཤོག་ཀའི་དྲིན།།
ཕྱག་ལེན་ངོས་གཙང་ཡིན་ནོ་གྲྭ་ཚང་དྲིན།།
དྲིན་ཆེན་འདི་གསུམ་ཡོད་པའི་ལྷ་སྡེ་སྐྱིད།།
སྡིག་སྤང་དགེ་སྒྲུབ་ཡོད་ནོ་བསླབ་བྱའི་དྲིན།།
རྒན་བཀུར་ཆུང་བྱམས་ཡོད་ནོ་གནའ་སྲོལ་དྲིན།།
རྐུ་ཇག་ཁྲམ་གསུམ་མེད་ནོ་ཁྲིམས་ཀྱི་དྲིན།།
དྲིན་ཆེན་འདི་གསུམ་མངའ་བའི་གཡང་སྡེ་སྐྱིད།།
ལུས་ན་བོད་ལྭ་ཡོད་ནོ་མེས་པོའི་དྲིན།།
ངག་ན་ཕ་སྐད་གསལ་ནོ་ཡུལ་གྱི་དྲིན།།
རྒྱུད་ན་སྙིང་རྗེ་ཡོད་ནོ་ལྷ་ཡི་དྲིན།།
དྲིན་ཆེན་འདི་གསུམ་འཛོམས་པའི་ལུང་སྡེ་སྐྱིད།།
ལྔ་རིག་སློབ་གླིང་ཡོད་ནོ་ཨ་ཁུའི་དྲིན།།
ཁོར་ཡུག་གཙང་སྦྲ་ཡོད་ནོ་སློབ་གསོའི་དྲིན།།
དུས་རབས་བསམ་བློ་ཡོད་ནོ་ཡོན་གྱི་དྲིན།།
དྲིན་ཆེན་འདི་གསུམ་རུམ་པའི་སྡེ་བ་སྐྱིད།།
ཁྱིམ་ན་སྐྱིད་ཅིག་ཡོད་ནོ་ཕ་མའི་དྲིན།།
སྒོ་ན་ནོར་ཕྱུག་མང་ནོ་བུ་ཡི་དྲིན།།
ཐང་ན་རྩ་ཆུ་འཛོམས་ནོ་ས་ཡི་དྲིན།།
དྲིན་ཆེན་འདི་གསུམ་ཚང་བའི་ཕྱུག་སྡེ་སྐྱིད།།
མི་ཡི་འཐུང་ཆུ་ཞིམ་ནོ་རྨ་ཆུའི་དྲིན།།
ནོར་ལ་བཏུང་པ་མོད་ནོ་རྨེ་ཆུའི་དྲིན།།
མི་ནོར་གཡང་གསུམ་འཛོམས་ནོ་ཡུལ་ལྷའི་དྲིན།།
དྲིན་ཆེན་འདི་གསུམ་ཚང་པའི་འབྲོག་སྡེ་སྐྱིད།།
2013.10.5ཉིན་མ་ཎིའི་སྐབས་སུ་སྦྱར།