མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གིས་སུའུ་ཏན་ལྷོ་མའི་ཡུལ་གྱར་བ་ཁྲི་གསུམ་ལྷག་ཁྱིམ་མཚེས་རྒྱལ་ཁབ་ཏུ་བྲོས་བྱོལ་བྱས་ཡོད་པར་བཤད་པ།

    མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གིས་ཚེས་བདུན་ཉིན་རི་ནེ་ཝ་ནས་བཤད་རྒྱུར། ཟླ་སྔོན་མའི་ཟླ་དཀྱིལ་ནས་སུའུ་ཏན་ལྷོ་མའི་དྲག་ཆས་འཁྲུག་རྩོད་བྱུང་བའི་ཚུན་ལ། སུའུ་ཏན་ལྷོ་མའི་ཡུལ་གྱར་བ་ཁྲི་གསུམ་ལྷག་ཝུ་ཀན་ཏཱ་དང་ཨེ་སེ་ཨོ་ཕི་ཡཱ། ཁུན་ནེ་ཡཱ། སུའུ་ཏན་སོགས་རྒྱལ་ཁབ་ཏུ་བྲོས་བྱོལ་བྱས་ཡོད་ཟེར།

    ཡུལ་གྱར་བའི་ལས་དོན་ཁང་གི་མགྲིན་ཚབ་པ་ཧྥོ་ལེ་མེན་གྱིས་ཉིན་དེར་རི་ནེ་ཝའི་ཝན་གོ་ཕོ་བྲང་ནས་བསྡུས་པའི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཟླ་འདིའི་ཚེས་དྲུག་ཉིན་བར། བསྡོམས་པས་སུའུ་ཏན་ལྷོ་མའི་ཡུལ་གྱར་བ་ཁྲི་གཉིས་དང་སྟོང་གསུམ་ལྷག་ཝུ་ཀན་ཏཱ་རུ་བྲོས་བྱོལ་བྱས་པ་དང་། ཝུ་ཀན་ཏཱའི་སྲིད་གཞུང་གིས་མཉམ་ལས་ཀྱི་རྣམ་འགྱུར་བཟུང་སྟེ། གང་ནུས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་ལས་དོན་ཁང་ལ་རོགས་འདེགས་བྱས་ཏེ་ཡུལ་གྱར་བ་དེ་དག་བཀོད་སྒྲིག་བྱས། མིག་སྔར་ཡུལ་གྱར་བ་དེ་དག་གནས་སྐབས་སུ་ཝུ་ཀན་ཏཱའི་ནུབ་བྱང་ཕྱོགས་ཀྱི་ཡུལ་གྱར་བའི་སྒར་ས་འགར་བསྡད་ཡོད་པ་དང་། གཞི་རྩའི་འཚོ་བར་འགན་སྲུང་ཐོབ་ཡོད་ཟེར།

   ཧྥོ་ལེ་མེན་གྱིས་བཤད་རྒྱུར། ཨེ་སེ་ཨོ་ཕི་ཡཱ་རྒྱལ་ཁབ་ཀྱིས་སུའུ་ཏན་ལྷོ་མའི་ཡུལ་གྱར་བ་སྟོང་ལྔ་དང་སུམ་བརྒྱ་ལྷག་དང་ལེན་བྱས་པ་དང་། ཁུན་ནེ་ཡཱ་རྒྱལ་ཁབ་ཀྱིས་ཀྱང་ཉེ་སྔོན་སུའུ་ཏན་ལྷོ་མའི་ཡུལ་གྱར་བ་སྟོང་གསུམ་དང་ཉིས་བརྒྱ་དང་ལེན་བྱས་ཡོད། དེ་ལས་གཞན་སུའུ་ཏན་ལྷོ་མའི་ཡུལ་གྱར་བ་མང་བོ་སུའུ་ཏན་གྱི་མངའ་ཁོངས་སུ་འགྲོ་བཞིན་ཡོད་པ་དང་། ཡུལ་གྱར་བའི་ལས་དོན་ཁང་གིས་གང་ནུས་ཀྱིས་སུའུ་ཏན་མངའ་ཁོངས་སུ་ཡོད་པའི་སུའུ་ཏན་ལྷོ་མའི་ཡུལ་གྱར་བའི་ཁ་གྲངས་རྩིས་ལེན་བྱེད་བཞིན་ཡོད་ཟེར།


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/1/8 བལྟ་ཀློག (1642)