ཉིས་སྟོང་བཅུ་བཞི་ལོའི་ཐེ་ཝན་བྱ་བའི་གྲོས་ཚོགས་ཚེས་ཉེར་བཞི་ཉིན་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཡུས་ཀྲིན་ཧྲིན་ཚོགས་འདུར་ཞུགས་ནས་གསུངས་བཤད་གལ་ཆེན་གནང་།
ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་སྐབས་གསར་བའི་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་གིས་ཐེ་ཝན་བྱ་བའི་ སྲིད་ཇུས་དང་བྱེད་ཕྱོགས་ཀྱི་རྒྱུན་མཐུད་རང་བཞིན་སྲུང་འཛིན་བྱས་པ་དང་། གནས་བབ་གསར་བ་དང་མ་འོངས་བའི་འཕེལ་རྒྱས་ལ་དམིགས་ཏེ་བཏོན་པའི་མགོ་ཚུགས་ས་གསར་བ་ནས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་སུ་འགྲོ་བའི་འདུ་ཤེས་གསར་བ་དང་འདོད་ཚུལ་གསར་བར་སྐུལ་འདེད་བཏང་བས་ཤུགས་རྐྱེན་ཆེན་པོ་ཐེབས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཀྲུང་དབྱང་གི་ཐེ་ཝན་བྱ་བའི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་ཧུར་ཐག་སྒོས་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་དགོས་ལ། ནན་ཏན་དང་ཕན་ནུས་ལྡན་པའི་སྒོ་ནས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་པ་དང་བརྟན་བརླིང་སྒོས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས་གྲུབ་འབྲས་ཆེན་པོ་ལེན་དགོས་ཟེར།
ཚོགས་ཐོག་ནས་ལོ་གསར་བའི་ནང་དུ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་སྔར་ལས་འབད་བརྩོན་ལྷོད་མེད་བྱས་ནས་ཐེ་ཝན་བྱ་བ་བཟང་བོར་བསྒྲུབ་ནས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་བརྟན་བརླིང་སྒོས་མདུན་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་ཐེ་ཝན་སྤུན་ཟླ་དང་མཐུན་སྒྲིལ་དམ་པོ་བྱེད་པ་བརྗོད་དོན་གཙོ་བོར་བཞག་ནས་ཐེ་ཝན་མང་ཚོགས་དང་ཕན་པའི་སྲིད་ཇུས་དང་བྱེད་ཐབས་གཏན་འཁེལ་བྱེད་པ་དང་། རིག་གནས་དང་སློབ་གསོ། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་སྔར་ལས་ཇེ་མང་དུ་གཏོང་དགོས་ལ། མཚོ་འགག་འགྲམ་གཉིས་ཀྱིས་མཉམ་དུ་ཉེས་ཅན་ལ་རྡུང་རྡེག་བྱེད་པ་དང་ཁྲིམས་འཛིན་ཐད་ནས་ཕན་ཚུན་ལ་རོགས་སྐྱོར་བྱེད་དགོས་པར་མ་ཟད་མཚོ་འགག་འགྲམ་གཉིས་ཀྱི་དམངས་ཁྲོད་ཆབ་སྲིད་གྲོས་མོལ་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱེད་དགོས་བའི་རེ་བ་བཏོན།
|