ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་སྤྱི་ཁྱབ་ཁང་གིས་ཉིས་སྟོང་བཅུ་བཞི་ལོའི་ལོ་སར་བསུ་བའི་འདུ་ཚོགས་བསྡུས་པ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་སྤྱི་ཁྱབ་ཁང་གཉིས་ཀྱིས་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཉིས་སྟོང་བཅུ་བཞི་ལོའི་ལོ་སར་བསུ་བའི་འདུ་ཚོགས་བསྡུས། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་སོགས་ཀྱིས་རྒྱལ་སའི་ལས་རིགས་སོ་སོའི་མི་སྣ་སྟོང་གཉིས་ལྷག་དང་མཉམ་དུ་གནམ་ལོ་གསར་ཚེས་ལ་བསུ་བ་བྱས།

ཉིན་དེའི་སྔ་དྲོའི་དུས་ཚོད་བཅུའི་སྟེང་སྤྲོ་སྐྱིད་ལྡན་པའི་རོལ་མོའི་ཁྲོད་དུ་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཚོགས་རར་ཕེབས་པ་དང་མཉམ་དུ་ཚོགས་ར་ཡོངས་སུ་ཐལ་མོ་རྡེབ་སྒྲས་ཁེངས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ལོ་སར་བསུ་བའི་འདུ་ཚོགས་ལ་མགོ་འཛིན་མཛད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གསུངས་བཤད་གནང་། ཁོང་གིས་གསུངས་རྒྱུར། ཉིས་སྟོང་བཅུ་གསུམ་ལོ་ནི་ཧ་ཅང་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག སྔར་སོང་རྗེས་མཐུད་དང་མ་འོངས་གསར་གཏོད་བྱས་ནས་བྱ་བ་སོ་སོའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཤིང་། འགྱུར་ལྡོག་མང་བ་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ཀྱི་མདུན་དུ་ང་ཚོས་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་བ་དང་དཀའ་ཁག་ཡོད་ཚད་ཁྱད་དུ་བསལ་ནས། ལོ་ཧྲིལ་བོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་གཙོ་བོ་བདེ་བླག་ངང་ཡོངས་འགྲུབ་བྱས་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ལོ་གསར་བའི་ནང་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་དང་དངོས་འབེབས་བཟང་བོ་བྱེད་དགོས་པ་དང་མུ་མཐུད་དུ་སྡོད་ཁང་དང་སྨན་བཅོས། སྤྱི་ཚོགས་འགན་སྲུང་། སློབ་གསོ། དེ་མིན་ཟས་རིགས་བདེ་འཇགས་དང་ཁ་དབུགས་བཙོག་བཟོ་བཅོས་སྐྱོང་སོགས་གནད་དོན་གཙོ་བོ་ཐག་གཅོད་གང་ལེགས་བྱས་ནས། ལས་ཞུགས་དང་ལས་སྤེལ་ཐད་ལ་ཁོར་ཡུག་བཟང་བོ་བསྐྲུན་དགོས་ལ། བཅོས་སྒྱུར་འཕེལ་རྒྱས་ཀྱིས་སྤྱི་ཚོགས་འདྲ་མཉམ་དང་དྲང་བདེན་ཡོང་བར་སྐུལ་འདེད་གཏོང་བ་དང་དམངས་གཙོའི་ཐབས་ལམ་རྒྱ་བསྐྱེད་ཅིང་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་དཔལ་ཡོན་ཤུགས་ཆེན་པོས་དར་སྤེལ་བྱེད་པ་དང་མཉམ་དུ་རུལ་སུངས་ལ་ཆད་པ་ནན་མོ་བཅད་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་འཚོ་བར་སྔར་ལས་བདེ་འཇགས་དང་སྔར་ལས་རེ་བས་ཁེངས་བར་བྱེད་དགོས་ཟེར།

ལོ་སར་བསུ་བའི་འདུ་ཚོགས་སྟེང་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཚང་མར་བརྩེ་བའི་ཕྱག་འཇུ་གནང་ཞོར་དུ་ཕན་ཚུན་ལ་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུས། མཇུག་མཐར་རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་བྱས། 


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/1/30 བལྟ་ཀློག (1673)