ཁ་སང་དགའ་བདེ་རྫོང་འདྲི་རྟགས་ཇ་ཁང་དུ་ཕ་ཡུལ་མགོ་ལོག་དགའ་བདེ་རྫོང་དུ་འཚར་ལོངས་བྱུང་བའི་ཤེས་ཡོན་པ་བཅུ་ལྷག་གིས་རྩོམ་པ་བོ་དགའ་རལ་གྲི་ལགས་ཀྱི་སྙན་རྩོམ་ཐོག་མ་རྨི་ལམ་ཐེད་པོ་ཞེས་པའི་དགེ་སྐྱོན་གླེང་བ་དང་འབྲེལ་སྤྱིར་ཕ་སྐད་དང་སློབ་གསོའི་གལ་ཆེན་རང་བཞིན། གཞན་སྲོལ་རྒྱུན་སྙན་ངག་དང་དེང་རབས་སྙན་ངག་གི་དབྱེ་མཚམས། ལྷག་པར་དུ་ལྷུག་རྩོམ་དང་རང་མོས་སྙན་ངག་གི་ཁྱད་པར་སོགས་ཀྱི་ཐད་སྔ་དྲོའི་ཆུ་ཚོད་དགུ་ནས་བཅུ་གཉིས་བར་བགྲོ་གླེང་བྱས་པར་མ་ཟད། ས་བཞི་དང་ཕྱེད་བར་ཐེངས་འདིའི་དམིགས་ཡུལ་དངོས་དེ་རྩོམ་པ་བོ་དགའ་རལ་གྲི་ལགས་བརྩམས་ཆོས་ཀྱི་ལེགས་ཉེས་ལ་ལྟ་ཚུལ་མང་བོ་བརྗོད་བྱུང་། ད་དུང་དེ་ལས་འཕྲོས་ཏེ་ཡང་བསྐྱར་རང་མོས་སྙན་ངག་དང་ལྷུག་རྩོམ་གཉིས་ཀྱི་ཁྱད་པར་ཚིག་གི་གཅོད་མཚམས་མང་ཉུང་ཙམ་གྱིས་ཕྱེ་ན་འགྲིག་མིན་དང་། ལྷུག་རྩོམ་ནི་ཅི་འདྲ་ཞིག་དང་། རང་མོས་སྙན་ངག་ལ་ཆ་རྐྱེན་ཅི་འདྲ་ཞིག་ཚང་དགོས་པ་སོགས་བགྲོ་གླེང་མི་ཉུང་བ་ཞིག་བྱས་སོང་། །
ཕྲན་གྱིས་འདིར་ཆེད་དུ་ཐེངས་འདིའི་བགྲོ་གླེང་སྒྲུབ་པ་བོ་གཙོས་ཤེས་ལྡན་པ་རྣམས་ལ་ཐུགས་རྗེ་ཆེ་ཞུ། ཞོར་དུ་རྒྱུ་ཚེགས་གང་ཐད་ནས་རོགས་སྐྱོར་བྱེད་མཁན་ཡོངས་ལའང་བཀའ་དྲིན་ཆེ་ཞུའོ།།
|