འཇིག་ལ་ཉེ་བའི་གོམ་སྒྲ།

                                             རྨ་ཁེར་ཉལ། 

ཀ་ཁ་ཡི་གླུ་སྐད་སློབ་གླིང་ནས་གྲགས་བྱུང་༎

ཁ་ཤ་རང་འདར་གྱིན་རྗེས་ཟློས་རེ་བྱེད་དུས༎

ག་ས་རུ་འགྲོ་དགོས་རབ་རུབ་རེ་ཤར་ཀྱང་།།

ང་རང་གི་ངོ་གདོང་གཉེར་རས་འདིས་བཀབ་བྱུང་༎


ཅ་དག་གི་ཅ་ལག་རང་ཁྱིམ་དུ་བསྒྲིགས་ཀྱང་༎

ཆ་མཚུངས་ཀྱི་ཕ་སྐད་ལྗགས་དམར་འདིའི་མ་ཁྲོལ༎

ཇ་ཆང་གི་ཆེད་དུ་ལུས་ངག་འདི་བརྩོན་རྐྱེན༎

ཉ་ཉོག་གི་ཁྲོད་ནས་འཆད་སྟེངས་འདི་ལོབས་སོང་༎


ཏཱ་ལེན་རེ་ཁུར་ནས་ཨ་མཆོད་དུ་འགྲོ་དུས༎

ཐ་ཤལ་གྱི་ནོར་ལ་མིག་ཞགས་ཏེ་མ་འཕེན༎

ད་སྐབས་ཀྱི་མི་ལ་དད་སྟོབས་ཏེ་ཞན་པས༎

ན་རག་ལ་འགྲོ་བའི་སྟ་གོན་དེ་འགྲུབ་འགྲོ༎


པ་ཡིག་དང་བ་ཡིག་གི་དབྱེ་བ་དེ་མི་མཁྱེན༎

ཕ་རོལ་གྱི་ལྕི་ཡང་རྒྱ་ཐོགས་ལ་འཇོག་པ༎

བ་སྟོང་ལས་ལྷག་པའི་ཁོག་སྟོང་དེ་ཡིན་པས།། 

མ་མོག་ཞིག་མིན་ན་བསམ་བློ་རེ་གཏོང་རན༎




ཙ་ཡིག་གི་གྲུབ་པ་བཙན་པོ་ཡི་སྡེ་བ༎

ཚྭ་ཁེ་དང་ངོ་སྐྱུར་ལས་རིགས་ལ་བརྩོན་ཀྱང་༎

ཛ་དྲག་གི་ཚོང་འདིའི་ཁེ་བཟང་དེ་ཟ་མཁན༎

ཝ་མོ་ལས་ལྷག་པའི་གཡོ་ཅན་དེ་ཡིན་འགྲོ༎


ཞ་ར་ཞིག་མིན་ཡང་རང་ལམ་དེ་མ་ཟིན༎

ཟ་འཐུང་དེ་མ་གཏོགས་ལས་དཀའ་རང་མི་འདོད༎

འ་ཆུང་གི་བུ་མོའི་བཞིན་དཔལ་དེའི་འོག་ནས༎

ཡ་སོ་དང་མ་སོ་རང་ཡུལ་དུ་གཤགས་སོང་༎


ར་ལུག་གི་འཇིག་རྟེན་རྣོ་སྐུད་ཀྱིས་གཏུབས་སོང་༎

ལ་རྒྱ་ཡི་གྲི་ཁ་རང་ཁྱིམ་དུ་བསྐོར་བྱུང་༎

ཤ་ཁྲག་གི་གཏམ་རྒྱུད་བཤད་ལོང་དེ་མ་བྱུང་༎

ས་འབུར་གྱི་ཉིན་སྲུབ་ཟུངས་ཁྲག་གིས་སྦགས་སོང་།།


ཧཱ་པཱ་ལྟར་ཙོག་ཙོག་ལས་རིགས་ལ་མཁས་པ༎

ཨ་སྔོན་ལྟར་མཐོ་བའི་བོད་རིགས་ཀྱི་ལས་བྱེད༎་

ཕ་སྐད་དང་ཕ་ས་བཞུགས་ཁྲི་ལ་བརྗེས་ནས༎

ཨར་འདམ་ལས་གྲུབ་པའི་ཁང་བཟང་ན་འགྱིངས་འདུག།

                                             2009-9-4 


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/4/14 བལྟ་ཀློག (1561)