ཧ་སྲས་སྤྲིན་ཆར།
གྲོང་ཁྱེར་ལག་སྒྲོན་ཞིག་འབྲོག་ལ་ཁྱེར་ནས།།
འབྲོག་པའི་བུ་མོ་ཞིག་བརླན་ཚུལ་བཤད་ན།།
ངུ་དགོད་འདྲེས་མ་འདྲ་བཤད་རྒྱུ་ཡོད་འདུག།
སེམས་ཟུང་འབྲོག་མོ་ཁྱོད་མེ་ཕུང་ཞིག་རེད།།
ཕྱི་ན་ཁ་བ་དང་གྲང་རླུང་རྒོད་པའི།།
ནང་ན་སྙིང་གཏམ་དང་མཁུན་སྒྲ་ཡོད་ཉིན།།
འབྲོག་པའི་བུ་མོ་ཁྱོད་རློན་པ་བྱེད་མཁན།།
ཧ་སྲས་ང་རང་ནི་ཡིན་མིན་འཁྲུལ་བྱུང་།།
མཚན་མོའི་གླུ་ངག་ལ་རོལ་བའི་འབྲོག་མོ།།
མཚར་གཏམ་གང་མང་ཞིག་བཤད་པའི་དུས་སུ།།
སྐེ་ལ་ལྷོད་མེད་ཀྱིས་འཇུ་བ་དེ་ཡང་།།
རློན་པ་བྱེད་ཚུལ་གྱི་གོམ་པ་དང་བོ།།
ལྕེ་མཆུ་འབྱར་བག་གིས་འབྱར་མ་ལྟ་བུ།།
ཕན་ཚུན་མིག་ཟུང་ནས་ཆགས་ཉམས་བསྟན་ཚུལ།།
འབྲོག་ཕྱོགས་བུ་མོ་ཁྱོས་ཡིད་ན་ཡོད་དམ།།
གསར་བུ་ཧ་སྲས་ཀྱི་དྲན་པར་རྒྱུ་འདུག།།
སྒོ་ཁྱིའི་ཟུག་སྐད་ལ་བརྡ་རྟགས་འཇོག་ཚུལ།།
བརྡ་རྟགས་མ་བཟང་བས་ཁྱིམ་བདག་བརྒྱུགས་ཚུལ།།
ཁྱིམ་བར་བྲོས་ནས་ཡང་རྡང་ལ་ཐོགས་ཚུལ།།
འདི་འདྲ་བཤད་ན་ཡང་དགོད་རྒྱུ་ཡོང་ཀི།
མཚན་མོའི་ཟླ་འོད་འོག་ཁེར་འཆམ་སྤྲོ་བའི།།
འབྲོག་གི་གསར་བུ་ཚོས་ཁྱེད་ཉིད་སྲུང་བ།།
རྒྱལ་བོའི་སྲས་མོ་ཞིག་ལོས་ཡིན་འདོད་བྱུང་།།
ཉིན་དེ་ཧ་སྲས་ང་ཕྱིར་ལ་ལོག་སོང་།།
ཕྱི་ཉིན་ནོར་རྗེས་ནས་ཁ་བརྡ་གློད་དུས།།
ཁྱོད་ཉིད་སྔ་མོ་ནས་ང་ལ་དུང་འདུག།
དུང་ཡང་ལམ་ཁ་ཞིག་ངེད་གཉིས་མ་གཅིག།
རང་རང་འདེམས་བྱ་དེའི་ཁྲོད་ལ་འཛུལ་སོང་།།
ཁྱོད་ནི་འབྲོག་ཐང་གི་སྦྲ་ནག་བདག་མོ།།
བདག་མོའི་བརྩེ་འཛུམ་ལ་གས་ཆག་ཤོར་ཚེ།།
ཕྲན་གྱི་རྐྱ་ལམ་ལ་གནོད་སྐྱོན་ཡོད་འདུག།
དེའི་ཕྱིར་ཁྱོད་རང་ནི་བརླན་ན་མི་འདོད།།
དགུན་གྱི་ཁ་བ་དེའི་འབབ་སྟངས་ཁྲོད་ནས།།
ངེད་གཉིས་ལྷད་མེད་ཀྱིས་བརྩེ་དུང་འཁྲབ་ཡོད།།
ཡོད་ཀྱང་ང་ནི་ཡང་སློབ་ལ་ཆས་དགོས།།
འབྲོག་གི་བུ་མོ་ཁྱོད་བདེ་མོ་འཇོག་དགོས།།
ཁྱོད་ཉིད་གནས་ལམ་ཞིག་འགྲིམས་པའི་དུས་སུ།།
ཕྲན་གྱི་གློག་རྡུལ་དུ་སྐད་ཞིག་འཇོག་རོགས།།
བདེན་པའི་གསང་ལམ་ནས་ཡུན་གྱིས་མཇལ་ཡོང་།།
འབྲོག་ཐང་བུ་མོ་ཁྱོས་བདག་སྐྱོང་མཛོད་ཅིག།
|