གསང་བའི་མགུར་མ།

                           སྐྱོམ་དབྱངས། ༼རྨ་ཆུ༽ 


ཐོག་མ་ཅི་ཡང་མ་བསམ།།
མཉམ་འཇོག་དེ་བས་མ་བགྱིས།།
ཡུན་གྱིས་སེམས་ངོར་དེ་རུ།།
ཁྱོད་ནི་ཉི་འོད་འཁྱུག་འཁྱུག།

སྣང་འཆར་གསོང་བོར་སྨྲ་འདོད།།
ཡིད་སེམས་ཐོལ་གྱིས་ཞུམ་འགྲོ།།
ཡིད་དུ་འཕྱུར་བའི་སྐད་ཆ།།
ངག་གི་དཔལ་དུ་མི་ཡོང་།།

སེམས་ཉིད་ཁྱོད་ལ་ཕྱོགས་པ།།
བསམ་གཞིག་བརྩེགས་རིམ་དགུ་མ།།
བྱད་དབྱིབས་ཡག་མིན་མ་བལྟས།།
མཛེས་པ་དུས་ཀྱི་འཁྱེར་འགྲོ།།

ལན་རེར་ཞིབ་འདང་ཞིབ་མོའི།།
བདག་བློ་འཁྲུལ་བར་བྱ་ངེས།།
མདང་ནུབ་རྦད་དེ་རྟོགས་བྱུང་།།
སེམས་གཤིས་འཛུམ་ཆུང་དཀྲོལ་སེ།།

སྤྱོད་པ་མཚན་གྱི་ཟླ་འོད།།
བདག་ཡིད་ཟླ་བའི་འོད་རེད།།
བསིལ་ཟེར་ཁྱོད་ཀྱི་རྒྱན་རེད།།
ང་ཡང་སྨོན་ས་དེ་རེད།།

ལས་སྣེ་སྐུད་པར་བརྒྱུས་ནས།།
ཙན་དན་ཕྲེང་བའི་རྒྱུན་ཐག།
འདོན་འདུན་ནམ་མཁའི་མཐོངས་རིམ།།
སྤྲིན་ནག་འཁྲུག་པར་དོགས་བྱུང་།།

དྲང་བཞག་གཏམ་གྱི་ངག་སྒོ།།
སེམས་རིས་ངོས་སུ་ཕབ་ཡོད།།
བདག་ཡིད་འགྱུ་བའི་འགུལ་གཟུགས།།
དྲང་སྙོམས་གཅིག་ཏུ་རྒྱུ་ཡོད།།

མཚན་གཞུང་སུམ་བརྒྱ་རེ་ལྔ།།
མགུར་གཞས་གྲངས་མེད་བྲིས་ཀྱང་།།
གདངས་ཀྱི་གཤོག་པ་མེད་པས།།
གྲེ་འགྱུར་གླེང་ཚོད་མ་རེད།།

སེམས་པ་གླན་པར་བྲེལ་ནས།།
རང་བློ་ཡི་གེར་ཕབ་ཡོད།།
ལས་ཀྱི་གཤོག་པ་བརྐྱངས་ནས།།
ཁྱོད་སར་འཕུར་གྲབས་བྱེད་རྒྱུ།།

རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/4/16 བལྟ་ཀློག (1710)