ང་དང་མཚན་མོའི་གཏམ་རྒྱུད།

                                          མིག་བརྩེ་རུད།༼རྨ་ལྷོ༽

ཨ་ཇོ་ཟླ་བ་དཀར་བོ་མཁའ་ན་དབེན་ཅིང་།།
མཛའ་མཐུན་རྒྱུ་སྐར་འབུམ་གྱི་ལག་གདང་དམ་པས།
ང་དང་མུན་པ་ནག་པོའི་སྐྱོ་གླུ་གཉོམ་མོ།།
རེ་ཞིག་དག་ཞིང་ཡུལ་དུ་ཁུ་སིམ་གཟིམས་སོང་།།


རྟོག་གེ་རྫི་བོའི་སྐད་རྒྱང་འདི་རུ་དབེན་ཅིང་།།
རང་ཡུལ་སྡེ་ལ་ཞེན་པའི་བུ་རྒོད་དག་གིས།།
ང་དང་གཡང་ཁྱིམ་ཚང་གི་བཀས་བཅད་གསང་བ།།
རེ་ཞིག་གནས་ཡུལ་བུ་མོའི་རྣ་བར་ཀླགས་ཟིན།།


སེམས་ཤོར་སྙིང་གི་བྱམས་པ་རིང་དུ་བྲལ་ཅིང་།།
རྩེད་དགའི་གྲོགས་པོ་སྟོང་གི་སེམས་པ་གློད་པས།།
ང་དང་ཁེར་རྐྱང་འཚོ་བའི་གཏམ་རྒྱུད་རིང་མོ།།
རེ་ཞིག་ལྷ་སའི་ཁྲོམ་དུ་གར་སོང་མ་འཚལ།།


རི་ཆུ་སྟོང་ཕྲག་དུ་མའི་བར་ཐག་བཅད་ཅིང་།།
བརྡ་འཕྲིན་དུས་རབས་གསར་བའི་མཚན་རྩལ་རྒོད་པས།།
ང་དང་ཁོ་མོའི་དྲན་གདུང་མིག་ཆུའི་ཐིགས་པ།།
རེ་ཞིག་ཡར་ཀླུངས་གཙང་བོའི་གཞུང་ལ་འདྲེས་སོང་།།


རྨི་ལམ་ཞིང་དུ་འགྲིམས་པའི་རེ་ཐག་ཆད་ཅིང་།།
དོ་དགོང་སྨྱུག་རྩེའི་སྟངས་སྟབས་རབ་ཏུ་མྱུར་བས།།
ང་དང་མཚན་གུང་འདི་ཡིས་ངན་པ་ཐན་ཐུན།།
རེ་ཞིག་ས་བདག་སྐུ་ལོའི་ངུར་བར་འཐིམ་སོང་།།


ལེགས་རྩོམ་འདབ་བརྒྱ་གྲོལ་བའི་རེ་བ་མེད་ཅིང་།།
ཉིན་ཐོའི་ཚུལ་དུ་སྒོམ་པའི་རྙོག་རྩོམ་བྲིས་པས།།
ང་དང་ཁྱོད་ཀྱི་འགྲུལ་བཞུད་ཟིན་བྲིས་མོད་པོ།།
རེ་ཞིག་ཤོག་དཀར་ཐང་གི་བདེ་བར་ཆགས་སོང་།།


                               ༢༠༡༤/༡/༢༢


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/4/17 བལྟ་ཀློག (1653)