ས་དམར་ཚེ་དོན་གྱི་ཚིགས་བཅད་འདེམ་བཀོད།

         མིག་ཟུང་སད་ཀྱིས་བཅོམ།

                               ..........མདོ་སྨད་བྱང་གི་དགོན་ཆེན་བཞི་ལ།

                                      ས་དམར་རམ་ལྷོ་རོང་ཚེ་དོན།

པུར་རྒྱལ་གདུང་རུས་ཁྲག་གིས་མ་ཐོར་གླང་དར་ལྷ་ལུང་ཉེས་ཀྱིས་ཐོར།།

ཡུམ་རྟེན་འོད་སྲུང་གཡུལ་འཐབ་ཕྱོགས་ནས་ཁྲག་གི་གུང་བུ་རྣག་ཏུ་བསྒྱུར།།

ནག་ཉེས་མ་ཚོར་ཉེས་ཅན་གྱུར་བས་ཤཱཀྱའི་མགོ་བོ་གཅོད་ཙམ་གྱིས།།

ཏཱ་ལའི་རྐང་བར་སད་ཀྱིས་འཚེ་བས་མུན་གླིང་མཚན་མཚོན་གྱུར་བས་ཤགས།།

ནང་བའི་བསྟན་གསོས་སྨད་ལས་ཆས་ཞིང་བླ་ཆེན་མུ་ཟི་རུས་ནས་ཟུག།

ཞྭ་སེར་གནམ་རྫོང་དབུས་ནས་བལྟམས་ཞིང་ཤཱཀྱའི་དགུངས་པ་གྲོལ་ནས་རྒྱས།།

སྡོམ་ཁག་གསུམ་གྱི་འདབ་རྒྱ་གྲོལ་ནས་མུན་གླིང་ཡུལ་ཅན་མིག་ལྡན་གྱུར།།

ཏཱ་ལའི་རྐང་བར་སྦྲང་ཆར་འཇོ་བས་སྔོན་འཚེ་མྱུ་གུ་གསར་ཏུ་མཆོད།།

སྐྱེས་སྦྱང་རྭ་རྩེ་རྣོ་ངར་མ་ལྷག་ༀ་ཡིག་རང་བྱུང་བསྟན་པས་གསོས།།

བྲག་བརྐོས་ༀ་ཡིག་སྐྱབས་ཀྱིས་གསོས་ནས་དབྱངས་ཀྱི་ང་རོས་ཞྭ་སེར་བནུམས།།

ཛ་ཡའི་བསྟན་གྱི་ཕོ་ཉ་གསོས་ནས་བྱ་རྒོད་ཁྱུང་ཆེན་དམག་ལ་ཆས།།

དམག་སྒར་འདི་ཡི་ཞྭ་སེར་བཅངས་ནས་བྱ་ཁྱུང་དགོན་ཞེས་བསྟན་གཞི་གསོས།།

ཕྱག་ན་པདྨོའི་བྱང་སེམས་མཆོད་པས་གསེར་ཤོག་གླེགས་བམ་གཏོས་ལ་གཙུགས།།

གདམས་ངག་གཞུང་གི་སྤང་ཁོག་དཀྱིལ་ནས་ཛ་ཡའི་བཀའ་བསྟན་འཁྲུངས་ནས་སྤྲས།།

མཆོག་གསུམ་གཟུང་བཞུགས་སྤྱན་གྱིས་ཁྲུས་པས་ༀ་ཡིག་བརྒྱད་ཁྲི་བཞི་སྟོང་གསོས།།

ཐོས་པའི་མེ་ཚགས་རླུང་གིས་གསོས་ནས་གསེར་ཁོག་དགོན་ཞེས་བསྟན་གཞི་གསོས།།

བཙན་པོའི་བྲག་གི་ལྡེབས་ནས་ཆས་ཏེ་དབྱངས་གསལ་སོ་བཞིའི་རྩ་རླུང་སྒོམ།།

སྙིང་ལ་འཚེ་བས་རྡོ་གཟུགས་ཤུལ་ན་བསྟན་བཅོས་སུམ་རྟགས་ཁྲག་ནས་ཆས།།

ཆས་གཞི་བརྟེན་པས་པྲ་བསྟི་མཇལ་བས་དགོན་ལུང་ཡུལ་དུ་བརྡ་སྤྲོད་མཆེད།།

འཆད་གཞི་འདི་ཡི་རྩ་རླུང་མ་ཐོར་དགོན་ལུང་དགོན་ཞེས་བསྟན་གཞི་གསོས།།

ཡར་ཀླུང་ཁོག་ནས་ཆུ་ཕུང་གྲུབ་ཏེ་མཁའ་མཐའི་རྟེན་གྱི་གཞི་བདག་ཕེབས།།

ས་འཛིན་རྐྱ་བོའི་སྣང་བ་འཆར་བས་བསྟན་པའི་མེ་ཏོག་ཟེའུ་འབྲུ་གཏོར།།

གཞི་བདག་མེས་པོ་ས་ལ་འཇོ་བས་སྣ་བརྒྱའི་སྤྲས་རྒྱན་གྲོལ་ནས་གྲོལ།།

འདབ་གྲོལ་རྩ་བར་བརླན་གྱིས་ཕྱུག་པས་ཆུ་བཟང་དགོན་ཞེས་བསྟན་གཞི་གསོས།།

བཙན་པོའི་བྲག་ནས་མགོ་བོ་དགྱེ་ཞིང་བྱང་སེམས་ཡུལ་གཞོང་ཀུན་ལ་བསྐྱེད།།

བསྟན་གསོའི་མེ་རོ་མདོ་ནས་སྦར་བས་དགོན་ཆེན་དགོན་ཆུང་མང་དུ་བཏབ།།

བྱང་ཕྱོགས་ས་ཆེན་གཉིད་ལས་དཀྲོགས་ཞིང་རྟེན་སྐུའི་དགོངས་པ་རབ་ཏུ་བསྩོལ།།

དུས་གསུམ་བྱང་གི་དགོན་ཆེན་བཞི་ལ་སྙིང་ཁྲག་བདུད་རྩིས་སྒོམ་ནས་མཆོད།


ལས་དབང་གི་གསར་བརྗེ་ཐན་ཐུན། 

               ...གཙོས་ནས་ཟི་ལང་ལ་ཕྱོགས་པའི་ལམ་གྱི་མྱོང་བ།

                           ས་དམར་རམ་ལྷོ་རོང་ཚེ་དོན།

མདོ་སྨད་གཞུང་གི་ཀན་ལྷོའི་ལྟོ་གཞུང་ནས།།
ཐོ་རེངས་སྐར་ཆེན་མྱུར་འགྲོའི་ལམ་སྟོན་གྱིས།།
མཚན་མོའི་གཉིད་ཀྱི་རྨི་ལམ་ཨ་མཚར་བོ།།
རླངས་འཁོར་སྒྲ་ཡིས་སྡིག་སྒྲུབ་ཕོག་ནས་སད།།

སྨུག་སྤྲིན་གསེབ་ཀྱི་རླངས་འཁོར་ང་ུངག་གིས།།
ནགས་ཀློང་གཞུང་གི་ལོ་འདབ་ཤིག་ཤིག་གཡོ།།
མཁའ་སྤྱོད་མ་ཡི་ཁུ་བྱུག་ལྷང་ལྷང་གྲགས།།
སྡེ་ཆེན་མི་ཡི་གཉིད་གཏམ་དཀྲོག་ནས་རེམ།།

བར་དོ་མ་ཡིན་སུམ་མདོའི་ལམ་མཚམས་སུ།།
བླ་བྲང་དང་ནི་ཀ་ཅུའི་གཞུང་ལམ་སོགས།།
འགྲོ་ཕྱོགས་སྟོན་པའི་གསལ་བརྡའི་སྒོ་བྱང་ནས།།
ཐོ་ཡིག་ནག་པོ་ཟླུམ་གཟུགས་དམར་པོར་ཕབ།།

འཁོར་ལོའི་འགྲོས་ཀྱིས་རྒྱ་བོད་ས་མཚམས་སུ།།
ཧོར་གཙང་ཤིང་སྒོའི་མཆོད་རྟེན་མཇལ་ནས་ཕྱིན།
ཀ་ཅུའི་ཁོག་གི་གནའ་ཤུལ་མིག་དབང་གིས།།
བཟུང་བའི་དྲན་ཤིང་བཙན་པོའི་དེབ་ཐེར་སྣང་།།

འགྱོད་སྨྲེང་གིས་ནི་ཡུན་འདས་སྐད་ཅིག་གིས།།
བཙན་པའི་དམག་བློན་ད་རྒྱལ་གཤེཊ་པའི་ས།།
ཨ་མྱེས་ད་རྒྱལ་གསོལ་མཆོད་སྙིང་ཞུ་ཡིས།།
གཉེན་ཆེན་འདི་ཡི་རྩེར་ཕྱིན་ལབ་ཙེ་མཇལ།།

རི་བོའི་རྩེ་ནས་མར་ལ་འབབ་པའི་སར།།
སྣུམ་བྱུགས་ཆེ་བའི་དུག་སྦྲུལ་ཉུལ་ལམ་དང་།།
ཀྱ་ཀྱུའི་ངག་གི་ཆུ་ཕྲན་ཆིལ་ཆིལ་སོགས།།
ཡིད་སེམས་འདར་བའི་མཛེས་ཆ་ལྷོག་ལྷོག་གཡོ།

རྡོ་སྦིས་ཞིང་ནས་རྫ་རིའི་དུ་སྤྲིན་འཁྱིལ།།
དབྱངས་ཅན་མ་ཡི་བློ་རྩལ་དམར་དམར་འཁྱུག།
རང་བྱུང་མཆོད་རྟེན་རྡོ་སྦིས་དགེ་བཤེས་བཅས།།
ཡིད་སེམས་དད་པའི་མཆོད་བསྟོད་ངག་ནས་ཟློ།།

ཟླུམ་གཟུགས་ཕོ་བྲང་ཡ་རྫི་རྫོང་ན་འབར།།
ཞྭ་དཀར་ལྭ་དཀར་མཁན་པོ་དག་དག་འདུས།།
ཕྱུཊ་གསུམ་གྲི་ཡི་ཁྲག་དྲི་ཡོངས་སུ་འཐུལ།།
སཱ་ལ་ཞེས་པའི་འབུ་ནག་རིགས་ཀྱིས་འཚིང་།།

འུར་སྐད་ཆེ་བའི་དབྱངས་རྟའི་ང་རོ་ཁྲོད།།
ཁྲག་རྒྱུན་བོད་པའི་རིཊ་རུས་རེ་འགའ་མཐོང་།།
རྐྱེན་གང་མ་ཤེས་རང་སྲོལ་དོར་བ་འགས།།
གཞན་སྤྱོད་འདྲེས་མའི་ལུཊ་སྲོལ་མང་བོ་འདུས།།

དུས་ཐུང་ཙམ་གྱི་ངལ་གསོ་འདས་ནས་ཕྱིན།།
ཤི་མ་གསོན་གྱི་རྔ་མོང་འདམ་གཟུགས་ཞིག།
མ་བོས་མིག་གི་མགྲོན་དུ་གྱུར་བ་ཡིས།།
རླངས་འཁོར་ནང་ནས་ཕྱི་ཡུལ་མྱོང་དགོས་བྱུང་།།

མཚོན་མདངས་གསལ་བའི་སྒོ་བྱང་ནར་མོ་རུ།།
སྟོང་རུ་ལྷ་མཚོའི་ཁོར་ཡུག་བཞེངས་ནས་ཡོད།།
དན་དིག་རི་རྒྱལ་དགོང་ལ་བརྩེགས་ནས་ཡོད།།

ཡང་དིག་བྲག་རི་མཁའ་ལ་ཟུག་ནས་ཡོད།།

རྨ་ཆུའི་རླབས་ཀྱིས་མིག་ཟུང་གཡོ་ནས་འཁྲུལ།།
ལམ་ཁའི་གསོམ་སྡོང་དམག་ཆས་གྱོན་ནས་བསུ།
སྤངས་ལྗོངས་མ་མཐོིང་བྲག་བར་འཛུལ་བ་ཡིས།།
བསྟན་བཤིག་དཔལ་རྡོའི་རྣམ་ཐར་དྲན་ནས་ཡོད

བྲག་གསེབ་རྒྱུ་བའི་རང་སྲོག་ལྷ་ལ་བསྐུར།།
མ་ནྀ་ཡིག་དྲུག་ཁ་ཏོན་གྲེ་ནས་འཐོར།།
སྙིང་རྩ་འདར་ནས་བདེ་བའི་ལམ་ལ་ཞོག།
ཚོར་བའི་མིག་ཟུང་ཕྱོགས་བཞིར་གཡོ་གཡོ་བྱས།

དཔའ་ལུང་ཞེས་པའི་ཡུལ་སྡེ་སླེབས་ཙམ་གྱིས།།
དཔའ་ལུང་དགེ་བཤེས་ལིག་མིག་ཡིད་ལ་འཁོར།
དཔའ་བོའི་ལུང་གི་སྔར་སྲོལ་དར་ལྕོག་སོགས།།
འཇིག་རྟེན་འདི་ལ་མི་སྣང་ཤུལ་ཙམ་ལུས།།

གྲོ་ཚང་དང་ནི་ཕའེ་ཨན་བར་རྒྱུད་ནས།།
མཁས་པ་གང་གི་སྤྱན་ཆབ་ཕྱག་མཆོད་ཀྱིས།།
ཙ་མི་སངས་དང་གྲོ་ཚང་དགེ་བཤེས་སོགས།།
ཡུལ་ཅན་སྙིང་གིས་ཕྱག་གསུམ་ངང་ནས་འབུལ།།

དུས་ཚོད་དང་ནི་ཚ་ཚ་འུར་འུར་གྱིས།།
བགྲོད་ཕྱོགས་ཉེ་བའི་གནའ་མཁར་ཟི་ལང་ལ།།
ཐོན་པའི་རྟགས་ཞིག་བློ་ལ་ངང་གིས་འཆར།།
འཆར་བ་དང་ནི་སློབ་རའི་སྒོ་ལ་འབྱོར།།

 

   དབུགས་ཐུམ་ཐུམ་གྱི་སྐྱོ་ཡུས།


ས་དམར་རམ་ལྷོ་རོང་ཚེ་དོན་ནས།
ཟླ་འོད་ཀྱིས་ནི་སྣང་བའི་བསིལ་རླུང་གི།
འཆར་གཞི་ཡིས་ནི་ཉིན་མོའི་རེ་སྨོན་གྱི།།

གཏི་མུག་གིས་ནི་ལེ་ལོའི་ལྷ་སྒྲུང་གི།

ཐོབ་ཤོར་གང་གི་རྡོ་གཟུགས་གས་ནས་ཡོད།།

ཁུ་ཁྲག་གིས་ནི་དམ་བཅའི་ལྕགས་སྒྲོམ་གྱི།།
གློག་སྒྲོན་གྱིས་ནི་སྣང་བའི་སྒམ་ཆུང་གི།
ཤིག་རྙིད་ཀྱིས་ནི་དབང་རྩ་སྐམ་ཟིན་གྱི།།
ཐོབ་ཤོར་གང་གི་གློ་མཆིན་གཅིར་ནས་ཡོད།།

ནོར་འཕྱུག་གིས་ནི་རི་མོ་གཉིད་བསྡོངས་ཀྱི།།
སྒྱིད་ལུག་གིས་ནི་སུག་པ་སྡོངས་གྲོགས་ཀྱི།།
ན་ཟུག་གིས་ནི་འགྱོད་རླུང་ཉལ་མཚམས་ཀྱི།། 
ཐོབ་ཤོར་གང་གི་རུས་རྐང་དབྱེ་ནས་ཡོད།།

ཟས་ཁང་གིས་ནི་ལྟོ་བའི་ཚིལ་གཉེར་གྱི།།
བྲོ་བ་ཡིས་ནི་སྣ་ཁུག་སྒེག་མོ་ཡི།།
རྐྱལ་རྩེད་ཀྱིས་ནི་རྨི་ལམ་འཕག་འཚག་གི།
ཐོབ་ཤོར་གང་གི་བདེན་ལུགས་འཁྲུལ་ནས་ཡོད།།

ཟུངས་ཁྲག་གིས་ནི་སྐྱེ་སྟོབས་ལང་ཚོ་ཡི།།
འབྲོང་ཁྱི་ཡིས་ནི་རྔམ་ཟིལ་སྒྲ་དབྱངས་ཀྱི།།
ས་ཆེན་གྱིས་ནི་ལག་འཐུལ་བཤུལ་ལམ་གྱི།།
ཐོབ་ཤོར་གང་གི་འཛུབ་ཆུང་རྙིད་ནས་ཡོད།།

པདྨ་ཚལ་གྱིས་ནི་གསང་གཏམ་སྒྲུང་བཤད་ཀྱི།།
འཐོར་རླུང་གིས་ནི་གཡོ་སྐྱོམ་ཆག་སྐྱོན་གྱི།།
ཡ་ཐོད་ཀྱིས་ནི་མིག་དབང་ཉམས་སྐྱེད་ཀྱི།།
ཐོབ་ཤོར་གང་གི་གཤོག་སྒྲ་ཐོར་ནས་ཡོད།།


          ས་དམར་བའི་རྡོ་རིང་། 

                            ...དགེ་ལུགས་པའི་དགོན་ལྷག་ཅིག་གི་རྡོ་རིང་ཟུར་བརྗོད་དང་ངའི་གནའ་ཡིག་རྙིང་རྩོམ་ཐོག་མ།

ལྷོ་རོང་ཚེ་དོན་ནས།

དགུང་སྔོ་ནྀ་སྨག་རིམ་གྱྀས།།

སྤྲིན་ཆབ་ནྀ་ཕུང་གིས་འཁྲིགས།།

ཏྀ་སེ་ནི་གངས་ཀྱིས་ཕུང་།།

ལྷ་ཡུལ་ནྀ་མྱྀ་འི་མགོན།།

བསྟན་པ་ནྀ་དགུང་ནས་ཆས།།

ལྷ་ཐོ་ཡྀས་ཕྱགི་རྟེན།།

གླང་དར་གྱི་བློ་དཀྱེལ་ལ།།

ལྷ་ལུང་ཀྱྀས་མདའའི་སློཎ།།

མྱྀ་སྲྀད་ནྀ་བྲགྀ་རྙྀལ།།

བཙན་ཕོ་ནྀ་གཤྀག་ནས་འཐོར།།

དམག་པོན་ནྀ་གྱེས་གཆྀག་གྀས།།

བརྒྱ་ལོ་གཆིག་འདས་ཆེ་བས།།

ཨ་མདོ་རུ་གདུང་གྱེས་འཕེལ།།

དབང་འུ་ནྀ་བཙོང་ཁས་བསྡུསྟེ།།

ཙོང་ཆུ་འྀ་ཕ་རོལ་ན།།

ཆབ་ཆ་འུ་བྱང་གྀ་ན།།

རྀག་གཞུང་གྀ་སྐྱེས་ཚལ་གཆིག།

མིང་འུ་ནི་རྣམ་གྲངས་གྱེས།།

སྔགས་འཆིང་གྀ་ལྷགི་དགོན།།

དགོན་བདགྀ་མྀང་འུ་ལ།།

ཧའུ་ཧྥཎ་ཞེས་བཀོདོ་ཅེས།།

ས་སྦྲེལ་ལ་སྟོན་མོས་ཕབ།།


     ལམ་འཕྲད་ཀྱི་བུ་མོ།
                           
ས་དམར་ཚེ་དོན།

ཟུར་མིག་དང་འཛུམ་མདངས་འཕྲད་མཚམས་ནས
ཉམས་སྣང་དང་བརྩེ་སེམས་ལུས་ཡོད
སེམས་ནང་དུ་བབས་པའི་ཁྱོད་ཀྱི་ངོ་གདུང
ཞོ་སྟོན་གྱིས་མྱོངས་པའི་མགྲོན་པོ་ཅི་བཞིན
རྡོག་མགོ་རུ་ཡང་ཡང་འཕྱན
ཁྱོད་རང་སུ་ཡིན་ནམ

རྐྱང་གི་རྨིག་སྒྲ་རྩ་ཐང་ནས་ཁད་ཀྱིས་འཇགས་དུས
སྒྱུ་རྩལ་གྱི་ལྷ་མོ་སོར་རྩེ་ནས་ཐོལ་གྱིས་འཛུམ་དུས
ཁ་རོག་གེར    ང་ཚོ་འཇལ་མྱོང་ངམ

མུན་པས་འཚོས་པའི་མཁའ་དབྱངས་སུ
སྐོམ་གདུང་གི་གཟན་ལ་ཁུགས་པའི་སྐར་ཚོགས
རྣོ་སྦྲངས་ཀྱི་རམ་འདེགས་མེད་པའི་རྫ་སྤྲིན
འདར་ལྕིབས་ལྕིབས     ཁུ་སུམ་མེར

རྒྱང་རིང་ན་འདར་འདར་བྱེད་ཀྱིན་པའི
ལམ་འཕྲད་ཀྱི་བུ་མོ་ལགས
གློ་སྙིང་བྲང་གསུམ་གྱི་ཕོར་ཁར་བབས་པའི་མིག་ཆུ
ལུས་ངག་ཡིད་གསུམ་གྱི་སྒམ་ཆུང་དུ་བཅུག་ཆོག་གམ
ཆ་རྐྱེན་མེད་པའི་ངང་དུ   བུ་མོ་ལགས


ལྕེ་རྩལ་དུངས་པའི་གསང་འཕྲིན།

དཀར་གསལ་ཟླ་བའི་སྐྱོ་རོགས།།

སྐར་མ་ཁྲི་ཕྲག་ཡོད་ཀྱང་།།

ཟླ་བའི་བློ་ལ་མགུ་བའི།།

སྐར་མ་གཅིག་ལས་མི་འདུག།

དཀའ་ལས་འདི་ལ་བལྟས་ན།།

ཆོས་པ་བྱས་ན་བསམས་བྱུང་།།

མཛེས་མའི་ཞལ་ལ་གཟིགས་ན།།

མཁོར་བར་སྐྱེས་ན་བསམས་བྱུང་།།

དབྱར་རྩ་སྤང་ན་ཡོད་དུས།།

ཆོས་པའི་ཆོས་འཁོར་གྱུར་སོང་།།

དགུན་རྩ་རླུང་བུས་ཁྱེར་དུས།།

ཆོས་ཁྲིམས་གཏིང་ནས་འགྱོད་སོང་།།

ཆོས་ཤིག་བྱེད་དགོས་བསམ་ནས།།

ཆོས་ཁང་སྒམ་སྐས་འཛེགས་ཡོད།།

ཡར་བལྟས་བླ་མ་མ་མཐོང་།།

མར་བལྟས་བྱམས་པ་མཐོང་སོང་།།

གནམ་དང་སྤྲིན་པའི་གསེབ་ལ།།

ལྷད་མེ་གསེར་གྱི་མཆོད་རྟེན།།

བཞེངས་འདོད་བློ་ལ་ཡོད་ཀྱང་།།

ལམ་ཡུལ་སྤྲིན་པས་བཀག་སོང་།།

ལས་དང་ལས་འཕྲོ་མེད་པ།།

ཆུང་འདྲིས་འཁྲུངས་པ་སྔ་སོང་།།

ང་རང་སྐྱེས་པ་ཕྱི་སོང་།།

ཚེ་ཟད་འགྱོད་ནས་བཞུད་ཐ།།

  

      ཆིག་ལབ་ལ་རྒོལ་བ།

                  སྟོང་སེམས་རིང་ལུགས་པ་སྐོར་ཞིག་གི་རྣ་བར་ཕུལ།

                                             ལྷོ་རོང་ངམ་ས་དམར་ཚེ་དོན།

ཛ་ཡའི་བསྟན་པ་ལོ་ཟླས་སྐྱོང་བའི་ལང་ཚོའི་ཁ་མདོག་ཕུན་ཚོགས་འདི།།

ཡིད་ཀྱི་བརྟན་པ་ལོ་ཟླའི་གསེང་ན་སྐྱོ་གདུང་འདྲེས་མའི་གཏམ་རྒྱུད་མང་།།

དགའ་དུང་སེམས་ཀྱི་འཁྲི་ཤིང་ཁྱེད་ཉིད་ཤཱཀྱའི་དགེ་འདུན་ཁ་མདོག་གིས།།

སྙིང་ཆུང་བརྩོན་འགྲུས་ཆབ་རྒྱུན་ཅན་གྱིས་བོད་ཅེས་མིང་རབརྡའི་རིག་གནས་བཙལ།།

དྲང་ཚིག་ཕྲེང་རྡོག་བསྟར་ལ་བརྒྱུས་ཏེ་རྒྱ་མཚོའི་རླབས་ཀྱི་གཞུང་ལ་མཆོད།།

ཟུར་མིག་མདའ་ཡི་གསང་ཚིག་བརྒྱུས་ཏེ་ཟླ་འཛིན་དགྲ་ལ་ལན་གཅིག་མཆོད།།

ཤེས་བྱ་ཆོས་ཅན་ཡོན་དུ་མ་གྱུར་ཆོས་དུང་སྒྲ་ལ་ངག་ཅིག་མཆོད།།

སེམས་ཀྱི་གསང་བའི་དམར་མཆོད་འདི་ལ་མི་བུ་གང་གིསམནོ་བསམ་ཐོངས།།

རང་སྐྱོན་རྒྱ་མཚོའི་རྦ་རླབས་ཅན་པས་གཞན་སྐྱོན་ཆུ་ཐིགས་བཙལ་ལ་བྲེལ།།

ཁ་ཤོམ་སྒྱུ་མའི་ཁ་དོག་ཅན་པོས་བདེན་ཚིག་ཁབ་མིག་ལོང་ལ་རེམ།།

གཤིས་ཚུལ་བ་མོའི་སྤུ་ཁ་ཅན་པོས་རྣ་སྒོ་བསླུས་པའི་དོན་ལ་སྒོམ།།

ཁ་གདང་ཁོག་གི་གཟུངས་བཞུགས་འདི་རང་སུན་སྣང་རྨུགས་པའི་དད་བསླུས་འཆག།

བདེན་ཁས་ཆེ་བའི་ཀ་ཁ་ཅན་པོས་རྟོགས་དཀའི་རྡོ་བ་སོ་ཡིས་འཆའ།།

འཇོན་མེད་མཚན་མོའི་ཁྱི་ཁ་ཅན་པོས་དབྱགས་གསལ་བཟློ་བས་གནད་ལ་ནོངས།།

ངོ་ཚའི་ཁྲེལ་གྱི་ཁུག་མ་ཅན་པོས་སྟོང་གཏམ་གདའ་མོའི་གང་གིས་བསླུ།།

བརྟུལ་ཞུགས་ནག་པོའི་མདངས་དཀར་ཚུལ་གྱི་གཡོ་སྒྱུའི་སྐྱག་པ་གང་སར་འཆག།



རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/4/17 བལྟ་ཀློག (1634)