ལྡོག་འཆར།༼རྨ་ཆུ།༽
སྒོ་རུ་གོང་ཆུང་རླངས་འཁོར་རེ་འགའ་ཙམ།།
སྐས་ལ་ཟིན་དུས་ཆང་དྲི་ཁྱབ་པར་ཐལ།།
ནང་དུ་ཁང་ཆུང་འགའ་རེ་བསྟར་ལ་བརྒྱུས།།
འཐུང་དང་ཕོར་ཐུག་སྒྲ་ཡིས་སེམས་པ་བཏེཊ།།
ལུས་ཀྱི་ལྡེམ་མྱུར་རྒོད་ཅིང་འཛུམ་བཅོས་པའི།།
ཆང་མས་རྐང་སྒྲ་ཁྲིག་ཁྲིག་ཁྲིད་པ་ཡི།།
སྒོ་ནང་གཡས་ཀྱི་ཁང་ཆུང་ཟུར་གསུམ་དེར།།
ངས་ཀྱང་ཤ་རུས་རྣམ་ཤེས་སྦྲིད་པར་བརྩམ།།
དལ་བུར་འཐུང་ཞིང་མཉན་ནས་ཨེན་ཙམ་ལ།།
ཧབ་དགོད་དྲག་ཏུ་འཕྱོ་བའི་བར་གསེང་ནས།།
བུ་མོ་ཞིག་གིས་ངུ་སྐད་ཤོར་བ་དེ།།
དགའ་རོགས་བཟི་སྟེ་འཁོན་པ་ཨེ་ཡིན་སྙམ།།
འགྲོ་དང་མི་འགྲོ་འཐུང་དང་མི་འཐུང་རྩོད།།
བཟི་དང་མི་བཟི་ཡོད་དང་མེད་ཀྱང་རྩོད།།
རྩོད་ལ་མཚམས་འཇོག་མེད་པའི་བར་རིམ་ན།།
ང་ཡང་བཟི་བཟི་འདྲ་བའི་ཚོར་བ་ཞིག།
ཕན་ཚུན་བསྟོད་པའི་གཅམ་ཚིག་སྨྲ་བར་བྱེད།།
འདང་ཆེ་གཅེས་ཚུལ་ལབ་པ་དེ་ལས་ཀྱང་།།
ཁྱོད་ཀྱི་ཆེད་དུ་ཕོར་གསུམ་ཞབས་བཏུང་ཟེར།།
སྐབས་ཤིག་གཉིད་དེ་སྔུར་བ་འཐེན་པ་ཐོས།།
བཟི་བས་གཙེས་ན་རྔམས་ཀྱིས་འཐུང་བར་བྱ།།
ཆང་ནི་ཁྱོད་ཡིན་ཁྱོད་ཀྱང་ཆང་ལ་འཁྲུལ།།
ཇི་ལྟར་འཐུང་ན་ཚིམ་ལུགས་མེད་པ་དེས།།
དལ་བུར་སུ་ཡང་གཉིད་པ་ཙམ་ལས་ཅི།།
༢༠༡༤/༠༤/༠༩ཉིན།