ཁྱོད་ལ་བཤད་ཡོད།

                                        ལྡོག་འཆར།༼རྨ་ཆུ།༽
དུས་ཀྱི་རླུང་བུ་ཤུར་ཤུར་དུ།།
ལས་ཀྱི་ལམ་ཕྲན་ཤར་མར་བཏོད།།
འདུན་མའི་ཁ་དོག་བསྣོལ་མཚམས་སུ།།
ག་ལེར་འུ་གཉིས་མཉམ་དུ་འཛོམས།།

མི་ཚོགས་སྤྲིན་པའི་རང་བཞིན་ནས།།
སེམས་པ་དམར་པོར་གཡོ་བསྐྱོམས་ཐེབས།།
གྲིབ་རིས་བཞིན་གྱི་གཤིས་ཀ་དེ།།
འགྲིག་འགྲིག་འདྲ་བའི་བློ་ཞིག་བྱུང་།།

མུན་ནང་ལག་སྙོབས་མ་ཡིན་ཞིང་།།
གློ་བུར་སེམས་བྱུང་མིན་པ་ཡི།།
དོན་དང་དངོས་ལ་མ་འགལ་བའི།།
རྒྱུས་ལོན་ཟབ་མོ་ཚིམ་ཙམ་བགྱིས།།

གཡོ་ཡི་ཇུས་ལ་མ་བརྒྱུས་ཤིང་།།
ཁེ་དང་ཕན་ལ་མ་དམིགས་པར།།
བརྩེ་བའི་ཟམ་ཞིག་བསྐྲུན་པ་ལ།།
དྲང་མོའི་གཏམ་གྱི་རྨང་ཞིག་བཏིང་།།

བློ་ལ་འདྲ་མིན་སྣ་ཚོགས་མཆིས།།
འདོད་པར་ཆེ་ཆུང་ཅི་རིགས་གདའ།།
ཁ་དོག་གཅིག་ལ་བབས་མིན་ཡང་།།
ཕལ་ཆེར་འདྲ་འདྲའི་ཚིམ་པར་བླ།།
                         ༢༠༡༤/༠༤/༠༦ཉིན། 

རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/4/21 བལྟ་ཀློག (1484)