རྨི་ལམ་གྱི་སོ་བ༼ཁག་ཉེར་གཅིག་པ།༽

         ཁྱོད་ཟེར་བ་སྙིང་གི་དྲོད་རེད།

                  མདའ་སྒྲོ།༼རྨ་ཆུ༽

རྩྭ་ཐང་དུ་བཞད་པའི་མེ་ཏོག་ཅིག

སྦྲང་མའི་གཙང་སྤྱོད་དུ་གྱུར

དྲི་བསུང་ནི་རླུང་གིས་ཁྱེར་ཏེ

དུས་ཚུགས་ཀྱི་སྡེར་འོག་ནས་ག་ལེར་རྙིད

ཁྲག་གི་ཞིང་སར་འཚར་བའི་མེ་ཏོག་ཅིག

དོན་ལྔའི་ལོངས་སྤྱོད་དུ་ལངས་སྟེ

དགའ་སྐྱོར་བདག་པོ་རྒྱག་གིན

སེམས་ཀྱི་བུ་གར་ཡུན་གྱིས་སྐྱེ་བཞིན་འདུག

མཚོ་ལས་སྐྱེས་པའི་མེ་ཏོག་ཅིག

རང་ཚུགས་ཀྱི་རྡོ་རིང་དུ་བཞེངས

གཟི་མདངས་ཀྱིས་ནང་སེམས་རྒྱན་ཏེ

དམ་ཚིག་གི་གཤོང་སར་ལྟེམས་ལྟེམས་འཁྱིལ

འཇིག་རྟེན་དུ་མཛེས་པའི་མེ་ཏོག་ཅིག

རྩད་པ་མེད་ལ་ཁ་དོག་མེད་པའི་མེ་ཏོག་དེས

ཤ་ཡི་ཟེའུ་འབྲུ་དམར་པོ་ཐོགས་སྟེ

གཞན་ལས་ལྷག་པའི་བདེ་བ་ཞིག་བསྐྱིལ་ཡོང་བས

ཁྱོད་ཟེར་བ་སྙིང་གི་དྲོད་རེད

               ༢༠༡༤/༤/ ཉིན་ལན་གྲུ་ནས།

..........................................             

                 རྐང་ལམ།

                      སེང་གདོང་། རྨ་ཆུ།

ཕྱོགས་དང་ཕྱོགས་སུ་འཐེན་པའི

ཁ་ཕྱོགས་ངེས་མེད་ཀྱི་བགྲོད་ལམ་དུ

དབྱངས་ཀྱི་ཆག་རོ་དང་ཚིག་གི་ཆབ་རོམ་ཆགས་ཤིང

སྐད་ཅིག  སྐད་ཅིག་ཏུ་ཟད་པའི་ཤོག་བུ་དང་སྨྱུ་གུས་ནི

ཁྱོད་རང་འཆི་བའི་ཕྱོགས་སུ་ཁྲིད་ཀྱང

ལྡབ་ལྡིབ་མག་མོག་གི་ཚིག་འབྲི་རེ་རེས

རང་ཉིད་ཁོ་ནའི་རྨི་ལམ་ལ་ཚོན་རྩི་བྱུགས

སྟོན་རླུང་གིས་ཁུར་བའི་ལོ་མ་ཐར་ཐོར་དག་གིས

ཁྱོ་ག་ཤི་བའི་ཡུགས་མོ་ཞིག་ལ་མཛའ་གཞས་བཏང་ཞིང

ཁོ་མོའི་མཛེས་སྡུག་གི་སྐྱ་རེངས་དང་ཞོགས་པ་རེ་རེ

ཤོག་བུ་དཀར་པོ་དང་ཡིག་འབྲུ་ནག་ནག་ཅིག་གིས་མི་ཡུལ་དུ་བལྟམས

དུས་མ་ཡིན་པའི་ས་སྲོད་ཀྱི་ཁམས་སུ

རྨི་ལམ་དུ་ཟ་འཕྲུག་སློང་མཁན་གྱི་ང་རང་ནི

ལོ་ཟླའི་རྒས་གཉེར་གྱིས་བཏུམས་ཤིང་

འཁོར་བ་ཞེས་པའི་གཟེབ་དྲ་དེ་རུ

ནམ་རྒྱུན་རོ་ལངས་རྒྱག་པར་དགའ་བའི

མི་ཚེ་དོན་མེད་དུ་ཟད་པའི་ཕོ་རོག་ཅིག་དང་འདྲ་ཨང              

.......................................... 

           རི་གྲོང་གི་སྙན་ངག

                རི་རྐང་ཐང་།༼རྨ་ཆུ༽

སྤྲིན་པ་ལེབ་མོར་ལག་གཡུག་བྱེད་བཞིན

རང་གི་མེ་ལོང་དུ་འཆར་ངེས་པ་དག

གཙང་བོ་དང་ནམ་མཁའི་འོག་ཏུ་བཅུག

ནམ་མཁའ་དང་སྤྲིན་པ་མཉམ་དུ་བསྡེབས་རྗེས

ས་གཞི་བསུབ་བྱེད་ཀྱི་རྐང་རྗེས་རེ་རེ

རི་གྲོང་གི་གསང་ལམ་བརྒྱུད་ནས་ཕྱི་ལ་འཁྱམས

རྣམ་ཤེས་ཀྱི་གཤིན་ས་རུ་མུག་ཤི་ཐེབས་པ་དག

ཐ་སྙད་རེ་འགའི་སྣོད་དུ་བླུགས་རྗེས

ནམ་མཁའ་འདི་ནམ་ཞར་ནམ་མཁའ་ཁོ་ནར་བདག་དུ་བཟུང

གཙང་བོ་དང་ནགས་ཚལ་མ་ཡིན་པའི

རླུང་བུ་དང་རྡུལ་ཕྲན་མ་ལན་པའི

རི་གྲོང་གི་ཁ་མདོག་སྐྱ་བོ

སྐྱ་ཆད་སྔོ་སྡུག་གི་ལོ་ཟླའི་གསེབ་ཀྱི

ན་ཟུག་དང་ངུ་འབོད་ཁོ་ནའོ

 2014•4•17 དགུང་མོ་ཤར་མར་བྲིས།                              

.......................................... 

                ད་ནས་བཟུང་།

                      རྣོ་ཁབ་ལེན། རྨ་ཆུ།

གྱང་ངོས་ཀྱི་རི་མོ་དག་གི་ར་རོ་སེལ་དགོས

ས་རྡུལ་དང་འདྲེས་པའི་མཁའ་དབུགས་དག་ཕྱིར་ཉར་དགོས

རང་ཉིད་ལ་སུ་ཡིན་ཟེར་བའི་འདྲི་ཚིག་དག་ཀྱང་འདོར་དགོས

ཉག་གའི་ཉི་འོད་ཀྱིས་ཚིམས་པར་མི་བྱ

ཆང་དང་དུ་བས་ཀྱང་ཆོག་པར་མི་འདོད

གཡའ་དག་པའི་ནམ་མཁར་ཀུ་ཅོ་སྒྲོགས་དགོས

དུག་ལྕེ་ནག་པོའི་འཕག་འཚག་ལ  ཕུད་རྒྱག་ཡང་ཡང་བྱེད་དགོས

ཆགས་སྲེད་ཀྱི་ཆུ་མོ་ཤང་ཤང་བཞུར་བ་དེ

སྣ་ཚོགས་ཀྱི་དབྱངས་རྟ་མང་པོར་བསྡེབས་དགོས

རྨི་ལམ་ལས་འཕྲད་མྱོང་བའི་མི་ཚོགས་ཡོད་ཚད་པོ

རེ་རེ་བཞིན་ངོས་ཟིན་པར་བྱ་དགོས

ཕྱིར་མིག་དང་ཞེན་ཆགས་ཀྱི་གཞིས་ཀ་དག

འོད་དང་དྲོད་དང མདོག་དང་མདངས་ཀྱིས་གསལ་བར་ཡོང་དགོས

                     ༢༠༡༤-༠༤-༡༧ཞོགས་པར། 


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/4/27 བལྟ་ཀློག (1673)