ཧ་སྲས་སྤྲིན་ཆར།
སེམས་ཀྱི་དྲན་ཤིང་དྲན་ལ་འཛིན་པའི་དུས།།
དུང་བའི་སྙིང་གཏམ་ལྕང་མའི་ལོ་མར་བཤད།།
དགུན་གྱི་གྲང་རླུང་སེམས་ཀྱི་སྟེང་ལ་ཚུབ།།
དྲན་པ་ཀློག་རྗེས་བྱམས་པའི་དྲན་ཚུལ་ཡིན།།
ནོར་གྱི་རྨིག་རྗེས་རྟ་ཕོའི་ཚེར་སྐད་ལ།།
དོར་མ་ལྟ་བུའི་ལྭ་བ་ཐེད་པོ་གྱོན།།
བཤད་མ་གསང་གི་འཕྲིན་པའི་གསེང་གསུམ་ན།།
དྲན་པ་བཀླགས་པའི་དོར་མ་སྔོ་ནག་གྱོན།།
འཕྲིན་པའི་གསེང་དང་ཤོག་བུའི་ངོ་གདོང་དུ།།
བརྗེད་མ་དྲན་གྱི་ཚོར་བའི་ཆགས་རིམ་ཤོར།།
སྐམ་མ་རློན་གྱི་མི་ཚེའི་བཞུང་ལམ་ནང་།།
དྲན་པ་ཀློག་པའི་བམ་ལེགས་མང་དུ་མཆིས།།
ཚོར་བའི་ནང་གི་ཤེལ་དམ་དཀར་བོ་འདི།།
དྲན་པའི་དུས་ཀྱི་ཆང་དང་འདུག་གྲོགས་ཡིན།།
དགའ་མ་སྡག་གི་མགོ་བོ་ནང་དུ་སྒུར།།
དྲན་པ་ཀློག་པའི་ཟིན་ཐོ་ངོ་མ་ཡིན།།
སྟར་ལ་རྒྱས་བའི་མུ་ཏིག་ཕྲེང་བ་འདི།།
བྱམས་པ་ཟེར་བའི་སྙིང་སྡུག་ཁྱོད་ཀྱི་ཚབ།།
འཐེན་མ་ལྷོད་ཀྱི་ཕྲེང་བའི་རྒྱུན་ཐག་འདི།།
དྲན་པ་ཀློག་པའི་འགྲུལ་བཞུད་ཐེངས་གཅིག་ཡིན།།
འཚོ་བའི་སྲོག་དང་གོམས་གཤིས་སྣ་མང་ཁྲོད།།
སྲོལ་རྒྱན་དེང་རབས་རྩོད་པའི་སྡེ་བ་ཚོ།།
འཆི་མ་གསོན་གྱི་དབུགས་དབྱངས་འཐེན་སྟངས་འདི།།
དྲན་པ་ཀློག་པས་འོ་དོད་ཁོ་ནར་སྙམ།།
འགྲོགས་ལ་རྩེད་བའི་གྲོགས་པོའི་སྡེ་བ་རུ།།
སྦྲག་སྐད་མོད་པ་དེང་རབས་ཁྱད་ཆོས་བསམ།།
འཁྱར་མ་འཁྱོར་གྱི་སྡེ་ལུ་བརྒྱད་སྡེ་བོ།།
དྲན་པ་ཀློག་པའི་ཀ་སྨད་སུམ་བཅུ་རེད།།
ཚུལ་དྲེགས་མང་བའི་ཨ་ཕོའི་སྡེ་ལུང་ན།།
ནང་དམེ་ཟེར་བའི་ངུ་སྐད་འཇགས་མེད་རེད།།
འཐོར་མ་འགྲིག་པའི་བོད་ཀྱི་སྒལ་གཞུང་འདི།།
དྲན་པ་ཀློག་པའི་ཞི་བདེའི་ལམ་དུ་བརྩོན།།
༢༠༡༤ ༤ མཐའ་མའི་སྙན་ངག་ཏུ་འདོད། |