༼ སྲིང་ཆུང་མ། ༽
སྲིང་མོ་བདེ་དབང་མཚོས་དྲི་བ་ཞིག་གི་ལན་དུ།
གཡང་གཟར་བྲག་ལ་འཛེག་དུས།།
ཐེམ་སྐས་མིག་གིས་མ་གཏོང་།།
ཆ་མེད་ཆུ་ལ་བརྒལ་དུས།།
ཟབ་ཚད་གཞན་ལ་་འདྲི་དགོས།།
རང་མལ་སྐྱིད་པོར་ལོག་དུས།།
དོགས་ཟོན་སྔས་ལ་བཞག་ཆོག།
༼ ཕྱིར་མིག༽
བཙན་པོའི་གདུང་རབས་གནམ་ཏུ་གཤེགས་ཤུལ་ན༎
སྨུག་པོའི་གདུང་རྒྱུད་རླུང་གིས་སྤུར་ཤུལ་ན༎
སྲིད་དབང་སྒེར་གཅོད་ཁྲག་གི་བཞུར་ཤུལ་ན༎
ཆེན་པོ་བོད་འདི་མིང་གི་ལྷག་མར་གྱུར༎
༼ མིག་ཆུ།༽
ལོ་བརྒྱད་བྱིས་པའི་དུས། །
དཀར་དམར་རྨི་ལམ་ཡོད། །
མཐིང་སྨྲིག་སྦྲ་ཡི་སྒོར། །
དཀའ་སྡུག་རྔུལ་ཆུ་གཏོར། །
ཚེ་སྲོག་ཉི་ཚེ་འབུ། །
རེ་འདུན་སྟོང་ཆེན་མཐའ། །
མ་ཆོས་སེམས་ཀྱི་ངོ་།།
མ་འགྲུབ་སྡུག་གི་ཁུར།།
༼བརྗེད་མེད།༽
བྱ་ཁྱུ་འཕུར་བའི་ལོ་ཟླ། །
བུ་ང་སྐྱོ་བའི་ལོ་ཟླ། །
ལྷིང་འཇགས་མེད་པའི་ལོ་ཟླ།།
བརྗེད་ཐབས་བྲལ་བའི་ལོ་ཟླ།།
2010-7-18
༼སོར་གནས།༽
བགྲང་བྱ་སྟོང་ཕྲག་ལྷག་གི་རྗེས་ཤུལ་ན།།
སྦྲ་ནག་ས་ཡ་དྲུག་གི་རྣམ་ཤེས་སྟེ།།
ས་སྲོད་འཚམས་སྤྲིན་དམར་པོ་བཞུར་ཤུལ་དུ །།
ཆུ་ལ་རྩམ་སྐྱ་རྒྱག་གིན་གཉིད་དུ་ཡུར། །
༠༢ ༡༠ ༡༠
༼རྨི་ལམ་ལྗང་ཁུ།༽
རྐུབ་སྟེགས་འཁོར་ལོ་བསྐོར་ནས།།
རྒྱང་ལམ་ཆོད་ས་མིན་ཀྱང་། །
བསམ་བློས་དྲ་རྒྱ་འཐེན་ནས། །
སྙིང་གཏམ་གླིང་ལ་བཤད་ཆོག།
ས་དམར་སུམ་ཐབ་བསྲུངས་ནས། །
རྒྱལ་ཁམས་མཐོང་ས་མིན་ཡང་། །
ཀ་མད་སུམ་ཅུའི་འཕྲེང་ནས། །
མེས་པོའི་ཞབས་རྗེས་རྙེད་བྱུང་། །
༼སེམས་ནང་།༽
ཅ་ཅོ་སྨྲ་བའི་མི་ལ། །
ཆ་ལུགས་ཡག་པོ་མི་འདུག །
ཇ་ཡུན་ཙམ་ལ་མ་འགྲོགས། །
ཉ་ཉོག་སྲོལ་དེ་ལོབས་འགྲོ། །
༼གཤིས་ཀ༽
ཟུར་གསུམ་བྲག་རྡོའི་རྩུབ་རག་བུ་ཚའི་གུས་བཀུར་ཡིན་དུས།
གཙང་ཆུ་འགྲིབ་པའི་རྒྱ་ཁྱོན་ཕ་མའི་སེམས་རྒྱ་ཡིན་འདུག
འདི་འདྲས་འཚོ་བའི་སྣང་ཚུལ་མཐོང་ན་ཡིད་སེམས་སྐྱོ་འོངས།།
༼སེམས་ཀྱི་གླུ། ༽
ཥ་མོས་ཟས་ཤིག་མ་ཟོས་ན། །
ཞིམ་པོའི་ཟས་ལ་སྐྱག་དྲི་བྲོ། །
ཚེར་མའི་ལམ་ལ་མ་ཞུགས་ན། །
བདེ་འཇམ་ལམ་ཡང་ཚེར་མའི་རྩུབ། །
མཐིང་སྨྲིག་སྦྲ་ཡི་སྒོ་ན། །
ཨ་མས་འཛུམ་ཆུང་ཤིག་ཤིག །
བརྩེ་བའི་སྤྱན་ཆབ་བསིལ་མ། །
བུ་ངས་སེམས་ནང་ལྷུང་བྱུང་། །
༼རེ་སྟོང་། ༽
རི་མཐོའི་དར་ལྕོག་ཟད་པོར། །
བསམ་དོན་འགྲུབ་པས་རེ་ཞུ། །
ཀི་བསྭོ་ངག་ལ་བཀུགས་ནས། །
ལོ་དང་ཟླ་བར་བཏབས་ཀྱང་།
འགྲུབ་པའི་དུས་ཤིག་མེད་པས།།
ཁོ་ཐག་ཁྱོད་ལ་ཆད་སོང་། །
|