ཞི་ཅིན་ཕེན་གྱིས་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་བཞུགས་མོལ་མཛད་སྐབས་ཀྲུང་གོ་ནམ་ཡང་སློབ་སྦྱོང་ལ་དགའ་བའི་རྒྱལ་ཁབ་ཆེན་མོ་ཞིག་བྱེད་དགོས་ཞེས་ནན་གྱིས་བསྟན།

ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧྲང་ཧེ་ནས་ཕྱི་རྒྱལ་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་། པར་འདི་ནི་ཞི་ཅིན་ཕེན་གྱིས་ཕྱི་རྒྱལ་གྱི་ཆེད་མཁས་པའི་གཏམ་བཤད་ལ་ཉན་པར་མ་ཟད་ཆེད་མཁས་པ་དང་བརྗེ་རེས་གནང་བཞིན་པའི་ཚུལ་རེད། 
 

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཨེ་ཤ་ཡའི་ཕན་ཚུན་མཉམ་ལས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ཀྱི་ཧྲང་ཧེ་མཐོ་རིམ་གྲོས་ཚོགས་སུ་ཞུགས་རྗེས། ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་ཧྲང་ཧེ་ནས་ཕྱི་རྒྱལ་གྱི་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་བསྡུས། ཁོང་གིས་ནན་གྱིས་གསུངས་རྒྱུར། མི་རིགས་གང་ཞིག་དང་རྒྱལ་ཁབ་གང་ཞིག་ཡིན་རུང་མི་རིགས་གཞན་པ་དང་རྒྱལ་ཁབ་གཞན་པའི་ཕུལ་བྱུང་དཔལ་ཡོན་གྱི་གྲུབ་འབྲས་ལ་སློབ་སྦྱོང་བྱེད་དགོས། ཀྲུང་གོ་ནམ་ཡང་སློབ་སྦྱོང་ལ་དགའ་བའི་རྒྱལ་ཁབ་ཆེན་པོ་ཞིག་བྱེད་དགོས་པ་དང་། འཕེལ་རྒྱས་ཀྱི་ཆུ་ཚད་གང་འདྲ་ཞིག་ཏུ་བསླེབས་ནའང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ལ་ཁེངས་སྐྱུང་གིས་སློབ་སྦྱོང་བྱེད་དགོས་ལ། སྔར་ལས་སྒོ་འབྱེད་དང་བཟོད་སྒོམ་གྱི་རྣམ་འགྱུར་བཟུང་སྟེ་འཛམ་གླིང་གི་རྒྱལ་ཁབ་སོ་སོར་སློབ་སྦྱོང་བྱེད་པ་དང་། དཔྱད་གཞིར་འཛིན་པ། ཕན་ཚུན་འབྲེལ་འདྲིས་བྱེད་པ་བཅས་ལ་ཤུགས་བསྣན་ཏེ། ཕྱི་ཕྱོགས་སྒོ་འབྱེད་ཀྱི་བྱ་བ་ཆུ་ཚད་གསར་བ་ཞིག་ཏུ་མཐོར་འདེགས་སུ་གཏོང་དགོས་ཟེར།

ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་སྟེང་། ཞི་ཅིན་ཕེན་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཧྲང་ཧེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཧན་ཀྲིན་དང་ཧྲི་ཀྲང་དབྱང་ཞུང་དང་མཉམ་དུ་ཧྲང་ཧེ་ཞི་ཅའོ་མགྲོན་ཁང་གྲོས་ཚོགས་ལྟེ་གནས་སུ་ཕེབས། ཆེད་མཁས་པ་དེ་དག་ནི་རྒྱལ་ཁབ་ཉེར་གཉིས་ནས་ཡོང་བ་ཡིན་ལ། སོ་སོར་ཧྲང་ཧེ་མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང་། ཁེ་ལས་བཅས་སུ་བྱ་བ་སྒྲུབ་བཞིན་ཡོད་པར་མ་ཟད། རང་རྒྱལ་གྱི་ཁྱབ་ཁོངས་གཙོ་བོའི་འཛུགས་སྐྲུན་ཐད་ནས་མཆོང་སྐྱོད་ཀྱི་འཕེལ་རྒྱས་དང་ཚན་རིག་ཞིབ་འཇུག་གི་གནད་འགག་རང་བཞིན་གྱི་གྲུབ་འབྲས་ལེན་པར་ནུས་པ་བཟང་བོ་འདོན་སྤེལ་བྱས། ཞི་ཅིན་ཕེན་གྱིས་ཧྲང་ཧེ་རུ་ཡོད་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ལྔ་བཅུ་དང་མཉམ་དུ་པར་བླངས།

དེའི་རྗེས་སུ་ཞི་ཅིན་ཕེན་གྱིས་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས།

བཞུགས་མོལ་ཚོགས་འདུའི་སྟེང་། ཕ་ཡུལ་དབྱིན་ཇི་ཡིན་པའི་དངོས་ཁམས་ཆེད་མཁས་པ། ཧྲང་ཧེ་འགྲིམ་འགྲུལ་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ལའེ་ཀི་ཐི་སོགས་ཕྱི་རྒྱལ་གྱི་ཆེད་མཁས་པ་ལྔས་གཏམ་བཤད། ཁོ་ཚོས་རང་ཉིད་ཀྱིས་ཧྲང་ཧེ་ནས་བྱ་བ་སྒྲུབ་པ་དང་འཚོ་བ་རོལ་བའི་མྱོང་ཚོར་དངོས་དང་སྦྲེལ་ཏེ། མཐོ་རིམ་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་བྱ་བ་བཟང་བོར་སྒྲུབ་པ་དང་། གསར་སྐྲུན་ལས་སྤེལ་གྱི་ཁོར་ཡུག་བཟང་བོ་བསྐྲུན་པ་སོགས་ཐད་ནས་ཀྲུང་གོས་གསར་སྐྲུན་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན།

ཞི་ཅིན་ཕེན་གྱིས་ཆེད་མཁས་པ་རྣམ་པའི་གཏམ་བཤད་ལ་ཞིབ་ཏུ་ཉན་པར་མ་ཟད། ཆེད་མཁས་པ་རེ་རེས་བཏོན་པའི་བསམ་འཆར་དང་གྲོས་གཞིར་ལན་བཏབ། ཆེད་མཁས་པས་གཏམ་བཤད་ཚར་རྗེས། ཞི་ཅིན་ཕེན་གྱིས་གསུངས་བཤད་གལ་ཆེན་གནང་། ཁོང་གིས་གསུངས་རྒྱུར། ཕྱི་རྒྱལ་གྱི་ཆེད་མཁས་པས་སྔོན་ཐོན་ལག་རྩལ་དང་དོ་དམ་ཉམས་མྱོང་ཀྲུང་གོར་བསྐྱལ་ཡོང་བར་མ་ཟད། ད་རུང་འདུ་ཤེས་དང་ངོས་འཛིན་གསར་བ་བསྐྱལ་ཡོང། ཆེད་མཁས་པ་འགས་བཏོན་པའི་བསམ་འཆར་དང་གྲོས་གཞི་ཧ་ཅང་བཟང་བས། ང་ཚོས་དེར་ཞིབ་འཇུག་ནན་མོ་བྱས་ནས་བེད་སྤྱོད་བྱེད་རྒྱུ་ཡིན་ཟེར། ཞི་ཅིན་ཕེན་གྱིས་དུས་ཡན་རིང་བོར་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་བཅས་ལ་སེམས་ཁུར་དང་རོགས་སྐྱོར་བྱེད་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་རྒྱལ་སྤྱིའི་མཛའ་མི། ཁོ་ཚོའི་གཉེན་ཉེ་བཅས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཕྱི་རྒྱལ་གྱི་ཆེད་མཁས་པ་རྣམ་པས་ཀྲུང་གོ་རང་གི་ཕ་ཡུལ་གཉིས་པར་བརྩིས་ཡོད་ལ། ང་ཚོས་ཚང་མ་ཀྲུང་གོའི་ཁྱིམ་གཞིས་ཆེན་པོའི་ཁོངས་མི་ཞིག་ཏུ་བརྩིས་ཡོད་ཟེར། ཁོང་གིས་ཕྱི་རྒྱལ་གྱི་ཆེད་མཁས་པ་རྣམ་པས་མུ་མཐུད་དུ་ཀྲུང་གོའི་དེང་རབས་ཅན་གྱི་འཛུགས་སྐྲུན་ཁྲོད་ཞུགས་པ་དང་དེར་སེམས་ཁུར་དང་རོགས་སྐྱོར་བྱས་ནས། ཀྲུང་གོའི་བཅོས་བསྒྱུར་འཕེལ་རྒྱས་ཐད་ལ་བློ་འདོན་ཇུས་འབུལ་བྱེད་དགོས་པའི་རེ་བ་བཏོན།


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/5/24 བལྟ་ཀློག (1690)