ཁྱོད་དང་གྱེས་ཉིན་དེར།

                                              རྨ་ཁེར་ཉལ།

༼ཁྱོད་ཀྱི་སེམས་ན་ང་ཡི་སྙིང་གཏམ་ཞིག།

ང་ཡིས་སེམས་ན་བརྩེ་བའི་དམ་བཅའ་ཞིག།

ཁྱོད་དང་འུ་གཉིས་སླད་མེད་དུང་བ་སྟེ།།༽

གོར་མོ་རྡོ་ཡི་གཤིས་བཞིན་གནས་པར་སྨོན།།


དམར་པོ་བྲག་གི་ཐེམ་གྱི་རྒོད་ཕྲུག་ང་།།

རྩུབ་མོ་ཙག་དང་ཤུགས་ཆེན་རླུང་གི་ཁར།།

འདི་ལྟར་འཚོ་དགོས་སྔོན་བསགས་ལས་ཡིན་ནམ།།

མིན་ན་རྒོད་ཕྲུག་ང་རང་སྙིང་རེ་རྗེ།།


ཡོད་ཡོད་འདྲ་བ་ཁྱོད་ཀྱི་དུང་བ་དང་།།

མེད་མེད་འདྲ་བ་འཇིག་རྟེན་གནས་ལུགས་ཏེ།།

བཙལ་བཙལ་བཙལ་ཡང་འདི་ལྟར་བཙལ་བས་མཐར།།

མ་རྙེད་ཨ་ཐང་ཆད་དུས་འདི་ལྟར་ལབ།།


ལབ་པའི་མ་ཕན་སྐྱོ་བའི་རྒྱུ་རུ་གྱུར།།

ཡིན་ཡང་མ་ལབ་བསྡད་ན་སུན་པའི་རྒྱུ།།

ལབ་ལབ་ལབ་ལ་འདི་ལྟར་ལབ་པའི་སྒྲ།།

འཇིག་རྟེན་འདི་ཡི་རྣ་བར་སོང་ཡོད་དམ།། 


ཡིད་མཐུན་བུ་མོར་བྲིས་པའི་འཕྲིན།།

ཞག་གཅིག་མགྲོན་ལ་ཇ་འགྱེད་མིན།།

དགའ་བ་མཚོན་པའི་སྙིང་གཏམ་ཡིན།།

ཀུ་རེས་རྩེད་མོ་མི་སློངས་ཞུ།།


འགོག་ཏུ་མེད་པ་འདོད་པའི་བུ།།

ཁྱོད་དང་ང་ལ་སྐྱེས་སུ་མངའ།། 

གང་སར་གཡོ་བ་ཆུ་རིས་དེ།།

བདག་ལ་གཏད་པ་བཟོད་དུ་དཀའ།། 


ཁྱོད་རང་དྲན་པའི་དུས་ཚོད་དག །

ཤུགས་རིང་འབྱིན་པའི་ཉེར་ལེན་འདྲ།།

པར་ལ་གཏད་པའི་མིག་ཟུང་འདི།།

མ་དང་བྲལ་བའི་བུ་ཞིག་མཚུངས།།


ཟླ་བ་མཁའ་རུ་འཕགས་པའི་དུས།།

མལ་མཐའ་འུར་གྱི་སྟོང་བའི་དུས།།

སྔས་འབོལ་བྲང་ལ་བཙིར་ཐེངས་རེར།།

ཁྱོད་ཉིད་ཡིན་ན་སེམས་བཞིན་ཉལ།།




མ་བུ་བཞིན་ལྟར་འཕྲད་པའི་སྟབས།།

གཞན་དབང་ཤུགས་ཀྱི་མི་སྤྲོད་ཀྱང་།།

ཚན་རྩལ་འཕྲུལ་གྱི་རླབས་རྩེ་ན།།

སྙིང་གཏམ་འཇོ་བའི་སྐལ་བ་མོད།།


རང་བྱུང་དུང་བའི་ཁེ་དབང་འདི།།

རང་གཉིས་འབད་དེ་མ་བརྩད་ན།།

ཐམ་ཀ་མེད་པའི་ཁྱིམ་སྲོལ་འདིའི།།

གུ་ཡངས་མི་གཏོང་ཁོ་ཐག་རེད།།


ཕོ་རྒོད་འགུག་པའི་མོ་སྒོ་དང་།།

མོ་བརྒྱ་འགུག་པའི་ཕོ་སྒོ་གང་།།

ང་ཡང་མེད་ད་ཁྱོད་ར་མེད།།

ཡིན་ཡང་བརྗེད་དུ་མེད་པ་ཅི།།


     ཉིན་དེར་ངའི་ཕ་སྤུན་བཀྲ་ཤིས་ཀྱིས་ངའི་གློག་ཀླད་ཀྱི་ཁ་ཕྱེས་ཏེ་ཡི་གེ་གཏགས་གྱིན་འདུག བར་དེར་ཡ་ཕུ་བོ་འདིའི་འཕྲོར་ཁྱོས་ཅིག་ཕྲིས་ད་ཟེར། ངས་ག་རེ་གང་གི་འཕྲོ། འདིའི་འཕྲོར།  ངས་ཀྱང་ཁོའི་རེ་བ་ལྟར་གོང་གི་དགུ་ཚིག་ཅན་གྱི་ཐིག་ཤར་གསུམ་པོའི་ཁ་བཀང་སྟེ།  དེའི་འཕྲོར་ཤོ་ལོ་ཀ་འདི་གསུམ་པོ་བྲིས་ཚར་དུས། ཨ་རོ་་་་་་ཕུ་བོ། ཁྱོས་ང་ཅིག་བྲིས་བཞག་ཡོད་ནི་མ་རཱ།  ཟེར། ངས་ཁྱོའི་རང་ལ་བྲིས་ནི་མིན་ནས་ཞེས་བཤད་པ་ན། ཁོ་ལྷུག་ལྷུག་བགད་བྱུང་། ང་ཡང་བགད། དེའི་འཕྲོར་བདུན་ཚིག་ཅན་གྱི་ཤོ་ལོ་ཀ་བདུན་པོ་རྗེས་ནས་ངས་ཁོའི་ཉམས་སྣ་ཚོགས་ལ་བརྟགས་ཏེ་བྲིས་པ་ཡིན།

                            7/18/2010 



རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/5/27 བལྟ་ཀློག (1695)