ང་དང་སྲོན་རྒྱུན་བར་ན།

                     འཇང་ཚ་འཁྱམ་པོ།

 ༡༽

ཁྲི་གདུགས་ཀྱི་གཟི་འོད་དེའམ་

དབྱར་གཞུང་གི་བསླུ་བྲིད་ཅིག་གིས་

ང་འདི་ལྟར་བུད་ཡོང་།

གནམ་འདེགས་ཀྱི་གངས་རི་བརྒལ་ཞིང་།

འཕྱུར་བཞིན་པའི་ཆུ་བོ་བརྟོལ་ནས་

སེམས་གཏིང་གི་རྨི་ལམ་འཚོལ་བཞིན་་་་

                     ༢༽

ཡིད་འོང་གི་ཡིག་རིས་དེའི་ཟུར་མིག་འཛུམ་གྱིས་བསུས་ཏེ་

སྦག་མེད་ཀྱི་སྐད་ཆའི་སྟངས་སྟབས་གླུ་རུ་དྲངས་ནས་

ཁྱེད་ཀྱི་པང་དུ་རོལ་འདོད

འོན་ཀྱང་།   རིང་བ་ནི་ཁྱོད་དང་ང་ཡི་བར་ཐག་རེད།

ཡང་ན་    ང་གནས་པར་ཁྱོད་ཀྱིས་གསལ་ཆ་མེད།

                     ༣༽

ཆ་མ་འཚལ་བའི་དོགས་ཚོམ་གྱི་རྒྱ་ལས་

འགའ་རེས་ ཁྱོད་ནི་འུ་ཚང་གི་ཚེ་སྲོག་ཡིན་ཟེར།

ལ་ལས་ ཁྱོད་ནི་ཕ་གསོད་ཀྱི་ལག་དམར་ཡིན་ཟེར།

གང་ལྟར་ འཇམ་ཤ་ལྡན་པ་ཁྱོད་ཀྱི་རང་གཤིས་དང་།

སྲ་མཁྲེཊ་ཆེ་བ་ཁོ་ཚོའི་ངོ་བོ་ཡིན་པ་བདེན་དུ་ཆུག

                  ༤༽

ཡང་ན།  དྲང་བདེན་གྱི་འདྲེན་ཤུགས་བོར་ཞིང་

ལྷག་བསམ་གྱི་གསོན་ཉམས་ཡལ་བའི་དུས་ད་ལྟར་

ཁྱོད་ལ་ཞགས་སྐེ་བྱས་ན་གཟི་བརྗིད་དུ་སྣང་ཆོག་གམ་་་་་་


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/5/30 བལྟ་ཀློག (1539)