འཇང་ཚ་འཁྱམ་པོ།
སྐྱེས་བུ་སུ་ཞིག་གི་མཛད་འཕྲིན་བསྔགས་པས་
གཙུག་ན་སངས་རྒྱས་ཀྱི་མགོ་ཞིག་རང་བཞིན་གྱིས་གྲུབ་ཡོད་ཟེར།
རྒྱལ་བོ་གང་ཞིག་གི་༼ནག་ཉེས་༽བཀླགས་པས་
མགོ་ན་དུད་འགྲོ་ཡི་རྭ་ཅོ་སྡིག་གྲིབ་ཀྱིས་སྨིན་ཡོད་ཟེར།
སྡེ་དཔོན་ག་གེ་མོའི་རྟོགས་བརྗོད་གྱེར་དུས་
མི་རྟ་གཉིས་དགུང་དུ་འཕུར་ཤེས་ཟེར།
རྨི་ལམ་ཞིག་རྨིས་སྟངས་ཙམ་གྱིས་
མ་འོངས་ཀྱི་དོན་དག་མཁྱེན་རེད་ཟེར།
དེ་བདེན་དུ་ཆུག
སངས་རྒྱས་ཀྱི་བསྟན་པ་རིན་ཆེན་གྱིས་
སྒེར་དོན་ལ་རྟེན་མ་དགོས་ན་
སླད་ངེས་ཅན་རེ་བསྲེ་ནི་རེད།
གང་ལྟར་
བླུན་རྨོངས་ཀྱི་མི་ལ་སེམས་རྟེན་རེ་ཆོག་པ་ཡིན།
དོན་དུ
སངས་རྒྱས་སངས་རྒྱས་རེད།
ལྷ་ལྷ་རེད།
མི་མི་རེད།
མིས་ལྷ་འཆམ་པ་གར་སྟེགས་ན་བདོ་ལ།
མིས་སངས་རྒྱས་འཁྲབ་པ་དགོན་སྡེ་ན་མང་ཡང་།
མིས་མི་བྱེད་པ་ང་ཚོ་ལ་ཉུང་།
སྐབས་འགར།
ང་ཚོ་ནི་ཏག་ཏག་སྟད་མོ་སྟོན་པའི་སྤྲེའུ་རང་རེད་ལ།
ཀུན་ལ་གད་མོ་དང་གཏམ་སྣ་ཙམ་སློང་བ་ལས་ཅི་ཡང་མིན།
ཨོ ང་ཚོས་ཨ་མེས་ཀྱི་ལ་རྒྱ་བརྩད་པ་ཡིན་ཤས་ཆེ།
ང་ལ་ མི་ལྷ་རུ་སྒྲུབ་པའི་ལྕེ་རྩལ་མེད་ལ།
ལྷ་མི་རུ་སྒྲུབ་པའི་རིག་པ་མེད་ཕྱིན་
ངས་མཐོང་བའི་མི་ཀུན་མི་རང་ཡིན་པས་ཆོག
|