ང་མེད་སོང་ན།

འཇང་ཚ་འཁྱམ་པོ།

གལ་ཏེ  
སྤང་ཐང་ན་རྒྱས་པའི་མེ་ཏོག་རྐང་གཅིག་གི་
གསོན་ཉམས་དང་མཛེས་སྡུག་དེ་སད་ཀྱིས་ཁྱེར་བ་བཞིན་
གངས་རྩེ་རུ་བབས་པའི་ཁ་བའི་འདབ་མ་ཡི་
དྭངས་གསལ་དང་འཇམ་མཉེན་ཉི་མས་བརྔུབས་པ་བཞིན་
ཆེས་འཇམ་མག་གིས་དབུགས་མཚམས་བཞག་ན་
ང་ལ་འདྲེས་ཆ་ཆེ་བའི་འཁྱམ་པོའི་སྡེ་དེས་
ཕངས་སེམས་ཀྱི་རྔན་པ་ཞིག་གམ
སྙན་ངག་གི་འཕོ་བ་གསུངས་སྲིད་དམ་
དེ་སྲིད་ཚེ   ང་ཅིས་ཀྱང་འགྱོད་དོན་མེད།

གལ་ཏེ
གསུངས་སྙན་གྱིས་གཅེས་པའི་ལྷ་བྱ་ཁུ་ལོ་ཡི་
ཤེས་ཚིག་དང་ཁ་གཡང་དེ་དུས་ཀྱིས་དེད་པ་བཞིན་
རྒྱ་རྫོང་ན་བརྗིད་པའི་དམག་ཡག་སྟག་ཕྲུག་གི་
རྔམ་བརྗིད་དང་རྩལ་དྲུག་རྐྱེན་གྱིས་བཟློག་པ་བཞིན་
ཆེས་ཕམ་སེམས་ཀྱིས་ཡུལ་གྱར་བྱུང་ན་
ང་ལ་དུང་བ་འཆང་བའི་བློ་མཐུན་སྡེ་དེས་
མཉམ་རྩོད་ཀྱི་དམ་བཅའ་ཞིག་གམ་
རེ་སྒུག་གི་གླུ་ཞིག་ཤོར་སྲིད་དམ
དེ་སྲིད་ཚེ   ང་ཅིས་ཀྱང་འགྱོད་དོན་མེད།

གལ་ཏེ   
ང་ཚོ་ཚང་མ་བུད་སོང་ན་
སོང་ཤུལ་གྱི་ལམ་ཕྲན་དེ་རུ་
བྱིས་པ་དག་གི་དགོད་སྒྲ་ལས་
སྦྱངས་ཚན་གྱིས་བསྐྱལ་བའི་གནོན་ཤུགས་དང་
ལས་བྱ་ཡིས་གནང་བའི་ལྕག་ཚན་མེད་པར་སྨོན།

རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/6/15 བལྟ་ཀློག (1599)