ཁ་བྱང་བོར་བའི་སྙན་ངག

                                              ཧ་སྲས་སྤྲིན་ཆར། 
གཟུགས་སྒྲ་དྲི་རོ་རེག་བྱ་གང་ཡང་མེད་པའི་སྙན་ངག
མཐོང་སྣང་མག་མོག་ནས་སྐར་འོད་ལྟར་མི་གསལ་བར་འགྱུར་བའི་སྙན་ངག
རྨི་ལམ་སབ་སུབ་ནས་ཆར་ཟིལ་སྒོམ་པའི་སྙན་ངག

སྙན་ངག་མཐོང་མ་མྱོང་བའི་ང
སྙན་ངག་བཀླགས་མ་མྱོང་བའི་ང
སྙན་ངག་འབྲི་མ་མྱོང་བའི་ང
དེ་རིང་ཡང་སྙན་ངག་ཟེར་བའི་རྒུན་ཆང་ཞིག་གི་ཕོར་བ་རུ་འཛུལ

སྙན་ངག་སེམས་ཀྱི་རོལ་དབྱངས་ཤིག་ཡིན་ནམ
སྙན་ངག་ཁྱེད་ཀྱི་དགའ་མ་རུ་འབོད་པའི་ཅོང་རྙིང་དེ་ཡིན
སྙན་ངག་ཁྱེད་དང་འགྲོགས་རིང་བའི་གྲོགས་པོ་དེ་ཡིན
ང་ནི་སྙན་ངག་གི་རྣམ་ཤེས་དང་གཟུགས་གྲུབ་ཏུ་རྩིས་ཤོག

ས་རྡུལ་གྱིས་བཟུང་བའི་ཁང་བ་དེའི་ནང་ན
སྙན་ངག་ཏུ་འབོད་བའི་ཐ་སྙད་བརྩེགས་ནས་ཡོད
གཙང་བོ་དང་རྦ་རླབས
བྱེ་མའི་ཐང་ཆེན་སོགས་ན་སྙན་ངག་གི་བརླ་རྐང་ཡོད་སྲིད


གཟུགས་མཐའ་དག་སྙན་ངག་ཡིན

དྲི་ཡོད་ཚད་སྙན་ངག་ཡིན
རོ་ཐམས་བཅད་སྙན་ངག་ཡིན
རེག་བྱ་ཡོད་དོ་ཅོག་སྙན་ངག་ཡིན
འོན་ཏེ    ང་ནི་སྙན་ངག་མ་ཡིན་ལ
སྙན་ངག་གི་འདུག་གྲོགས་ཤིག་གོ
                ༢༠༡༤    ༦     ༡༣ཉིན་སློབ་གླིང་གི་རིག་མཛོད་དཔེ་ནས་སྦྱར་བ་དགེའོ།།

རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/6/15 བལྟ་ཀློག (1657)