ངས་མཐོང་བ་དག

                                                       མགར་གྲིབ་མ།

སྔོ་སངས་ནམ་མཁའི་དབྱིངས་ཀྱི་སྤྲིན་དཀར་མ་རེད།
རྩེ་མོ་གངས་ལ་འཐོམས་པའི་ན་བན་མ་རེད།།
ཆུ་གཏེར་ཁ་རུ་འཁྱིལ་བའི་རླངས་པ་མ་རེད།།
དགུན་ཁར་རླུང་གིས་བསྐྱོད་པའི་བུ་ཡུག་མ་རེད།།

དཔྱིད་ཀྱི་དཔལ་ཡོན་བསུ་བའི་འབྲུག་སྒྲ་མ་རེད།།
རེི་ཁྲོད་དགོན་སྡེ་ཁག་གི་དུང་སྒྲ་མ་རེད།།
གཡང་དཀར་ལུ་གུ་ཆུང་ཆུང་འབའ་སྒྲ་མ་རེད།།
ཅང་ཤེས་བང་རྩལ་འགྲན་པའི་འཚེར་སྐད་མ་རེད།།

དྲི་ལྡན་མེ་ཏོག་ཁྲོད་ཀྱི་བུང་བ་མ་རེད།།
རྫ་དང་རྡོ་གསེབ་རྒྱུ་བའི་གྲོག་མ་མ་རེད།།
ལ་དང་ལུང་བར་ཁྱབ་པའི་སྒོ་ཕྱུགས་མ་རེད།།
རྒྱ་མཚོའི་ཕྱོགས་སུ་བཞུར་བའི་རྦ་རླབས་མ་རེད།།

རྩྭ་ཐང་ཡངས་པོར་བཞད་པའི་མེ་ཏོག་མ་རེད།།
ལྷ་བཟོ་མཁས་པས་མདངས་བའི་ཚོན་སྣ་མ་རེད།།
དར་སྐུད་སྣ་ལྔའི་བརྒྱན་པའི་ཟ་འོག་མ་རེད།།
ཁང་ཁྱིམ་གྲུ་བཞིའི་ནང་གི་ས་གདན་མ་རེད།།
                   
                                    ༢༠༡༤-༥-༡༩ཉིན།

རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/6/17 བལྟ་ཀློག (1635)