ཚོར་བའི་ཁུག་གི་བགྲེས་པོ།

                                   ར་ལོ།   ལན་གྲུ།


ཀློང་ཡངས་བའི་ནམ་མཁའ་ཞིག་འབྲི་མགོ་བརྩམས་པ་ནས་བཟུང

ངའི་ཁྱོད་ཀྱི་གླུ་སྐད་ལ་ཐེངས་རེར་ཉན་ནས

དེ་དུས་ང་ཁྱོད་ཀྱིས་ཐོག་མར་བཞེངས་བའི་སྐྱེད་ཚལ་དེའི

མེ་ཏོག་རྐང་གཅིག་བྱེད་ན་འདོད་མོད

འུ་གཉིས་དབར་གྱི་སེང་རས་ལྟ་བུའི་མཁའ་དབུགས་འདི

སུ་ཞིག་གི་སྐྱག་པ་བཏང་བའི་རྔམ་ཁ་རེད

 

མེ་ལྕེ་ཞིག་གམ་མེ་སྟག་ཞིག་ཏུ་འཁུམ་པའི་ཁྱོད

ཁ་བ་ལྡོག་གཅིག་གམ་བསེར་བུ་སྤར་གང་གི

རྣོ་ས་ཞིག་གམ་འཁྱོག་ས་ཞིག་ཁྱོད་ལ་ཕོག་པ་ཉུང་ཉུང་མིན་པས

ངས་སྔར་བཞིན་ཁྱོད་ཀྱི་མིག་སྐྱི་ལ་འོ་ཞིག་བྱ་འདོད

 

གོ་ཐོས་ཞིག་ལ

ཁྱོད་ཀྱི་ཚེམས་ཕྲེང་བར་ནས་དངུལ་དཀར་གྱི་ཟླ་བ་འཚེར་ཞིང

ཁྱོད་ཀྱི་མིག་ཟུང་ནང་ནས་གསེར་མདོག་གི་ཉི་མ་དགོད་ཟེར་བ་བདེན་ནམ

ས་ཆེན་ལ་ལག་པས་བྱ་ར་བྱས་ཤིང

རི་སྒང་ལ་ལྕེ་ཡིས་མྱང་མྱང་བྱེད་མཁན་ཁྱོད

 

ད་ནི་ཁྱོད་ཀྱི་དཔྲལ་བ་དེ

སེར་ཐིགས་ལྷུང་བའི་ལོ་མ་བཞིན

རི་བོ་དེས་གླེང་གིན་འདུག   ཆུ་བོ་དེས་གླེང་གིན་འདུག

བདག་ནས་ཡང་མགྲིན་པ་བརྣངས་བའི་བྲག་ཅ་སེན་སྟེང་ན་བྲིས་ན

མཁུར་མགོ་ནས་རྡུལ་འཚུབ་ཞིག་ཤུགས་ཀྱིས་སྐྱོམས་དགོས་བྱུང་།

                        ཡེ་ལོ་༢༠༡༤,༥,༢༤ ཉིན་ནུབ་བྱང་དཔེ་མཛོད་ཁང་དུ།


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/6/17 བལྟ་ཀློག (1701)