ལམ་སྐྱ་བོའི་སྙན་ཚོམ་གཉིས།

སྐྱེས་སྐར་མེད་པའི་འཆི་སྐར་གླེང་བ།

ལམ་སྐྱ་བོ།

རྭ་རྒྱའི་ས་མིང་ཡག་ཚུལ་བཤད་ན།།

རྨ་ཆུའི་བཞུར་རྒྱུན་རིང་ཚུལ་བཤད་ན།།

ཁྱུང་མགོན་བྲག་རི་མཐོ་ཚུལ་བཤད་ན།།

སྐྱེས་སྐར་མེད་པའི་འཆི་སྐར་གླེང་འདོད།།


མི་གླེན་སོང་བའི་ས་དམར་ཁུགས་སུ།།

ཨུ་ཤུ་མིན་པའི་ཤུགས་རིང་འཐེན་ན།།

ཡུན་ཐུང་མི་ཚེའི་ཟིན་ཐོ་ལྷག་མ།།

ལུང་བ་དེ་ནས་འབྲི་མཚམས་ཆད་སོང་།།


རྨི་ལམ་ཁུར་ནས་ལམ་དུ་འགྲོ་རན།།

རེ་བ་རུམ་ནས་སོ་སོར་གྱེས་ཆོག།།

ཟས་རིན་ཤེས་མཁན་ཡོད་པ་བདེན་ཡང་།།

སྐྱེས་སྐར་མེད་པ་ཁྱོད་གཅིག་ཡིན་འདྲ།།


སྟོང་ལོ་བདུན་གྱི་དབྱར་ཟླ་སྐྱིད་ཀྱང་།།

མི་ལོ་བཞི་ཡི་གྲུབ་འབྲས་མ་རྙེད།།

སྒོ་ཆེན་དེ་ནས་ཕྱི་རུ་ཐོན་ན།།

འབྲི་འཕྲོར་ལུས་པ་ཞེ་རེ་ཆགས་ཡོད།།


སྙན་ངག་མིན་པའི་ཚོར་བ་བཞུར་དུས།།

ཚོར་བས་བྱིན་པའི་སྙན་ངག་གྲུབ་བྱུང་།།

སྐྱེས་སྐར་མེད་པའི་འཆི་སྐར་གླེང་དུས།།

རོ་བདག་མེད་པའི་བེམ་པོ་དྲན་གི།།


ཤ་འདང་རུས་འདང་ཁྱོད་ལ་བཟུང་ནས།།

གསེར་ནག་དུས་ཚོད་མང་དུ་བརླགས་ཟིན།།

འཆི་སྐར་མ་གཏོགས་སྐྱེས་སྐར་མེད་ན།།

ཁྱོད་ཀྱིས་ང་ལ་ཁྲེལ་མེད་བྱས་སོང་།།


ད་སྐབས་ང་ཁྱོད་དུང་རབས་བཤད་ན།།

ལོ་ངོ་བདུན་གྱི་ཉི་མའི་རྗེས་རེད།།

ཉི་མ་དྲོ་རུང་དྲོད་ཁོལ་མ་ཤེས།།

དྲོད་ཁོལ་ཤེས་དུས་ཉི་མ་མི་མཐོང་།།


ཆུ་འགྲམ་དེ་ནས་ཁྱོད་ཉིད་བཙལ་བ།།

ང་གཅིག་མ་གཏོགས་སུས་ཀྱང་མི་རྟོགས།།

ཡོད་ཡོད་སྣང་དུས་མེད་པ་མཐོང་བ།།

ཁྱོད་རང་ཀློག་མཁན་ཡིན་ན་ཤེས་ཡོད།།


ཁྱོད་ཉིད་ཤི་རྐྱེན་ང་ཡིས་དཔོག་ན།།

མུག་ནག་ནང་གི་ལག་སྙོབ་རེད་འདུག།།

དེ་རིང་ཁྱོད་ཀྱི་འཆི་སྐར་རོལ་བ།།

ང་ཉིད་བདག་པོ་ཡིན་པ་མཚོན་ཆོག།།


འཆི་སྐར་སེམས་ནས་དུར་ཐང་འཚོལ་ན།།

མྱ་ངན་སྐྱེས་ནས་སྨྲེང་བ་འཁོར་གི།།

ཁྱོད་བཞུད་སྔ་བ་ང་ལུས་འཕྱི་བ།།

ཁྱོད་ལ་སྐྱེས་སྐར་མེད་པས་ལན་སོང་།།

༢༠༡༤/༨/༡༢


མི་ལ་བཤད་པ།

ལམ་སྐྱ་བོ།

རི་སྒང་ངོས་ནས་ཕྱིར་མིག་མ་ལྟ།།

ཁྱོད་ཉིད་བུད་འགྲོ་ང་རང་ལུས་འགྲོ།།

མིག་ཆུ་བཞུར་ནས་སེམས་པ་བརླན་འགྲོ།།

གྱེས་བརྡ་བཏང་ནས་བདེ་མོ་བཞག་འགྲོ།། 


འབྲོག་ཐང་ལམ་ནས་ལག་བརྡ་མ་རྒྱག།

ཁྱོད་ཉིད་ཤོར་འགྲོ་ང་རང་བསྐྱུར་འགྲོ།།

གཟུགས་གཞི་སྒུར་ནས་སྐྱོ་ཉམས་བསྟན་འགྲོ།།

གཞོན་ཤ་ཡལ་ནས་རྒས་མདོག་ཤར་འགྲོ།།


རུ་སྡེ་བརྒྱུད་ནས་ཐུག་ཐུབ་མ་གསུང་།།

ཁྱོད་ཉིད་ཁྲིད་འགྲོ་ང་རང་ཁོམ་འགྲོ།།

མི་ཁ་འཁོར་ནས་མི་ཚེ་བརླག་འགྲོ།།

མི་ལ་འགྲོགས་ནས་ལང་ཚོ་ཚར་འགྲོ།།

༢༠༡༤/༨/༡༢

རྩོམ་པ་པོ་ལམ་སྐྱ་བོས་ད་ལྟ་མགོ་ལོག་བྱམས་པ་དམངས་རྒྱས་ཚོགས་པའི་ནང་བྱ་བ་སྒྲུབ་བཞིན་ཡོད།

རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/8/13 བལྟ་ཀློག (1685)