སེམས་ཀྱི་དབྱངས་སྐྱ་བོ།

                                                    རྨ་ཁེར་ཉལ།

དྲན་པའི་རླབས་རས་ཁྱོད་ཉིད་ལ་ཕྱོགས་དུས།།

འདུས་པའི་འཁོར་ཚོགས་རྡོ་བ་རུ་གྱུར་འདུག།

སྲིད་པའི་བརྩེ་རར་འགྲིམ་འདོད་ཀྱི་གོམ་སྟབས།།

འདི་ལྟར་བསྒྱུར་བ་ནོར་འཛོལ་དེ་རེད་དམ།།

མ་བོའི་མགྲོན་པོ་རྒྱུ་རིང་ནས་སླེབས་པ།།

དགོས་པ་བརྒྱ་ཡི་སྣ་ཐག་གིས་ཁྲིད་དེ།།

ལེ་དབར་སྟོང་ཕྲག་བཀའ་སྡུག་གིས་བགྲོད་ཚུལ།།

མདོ་མེད་འཁྱམ་པོའི་རུ་ཉུལ་དུ་མ་སྒྲོགས།།

རྟོགས་པའི་གུར་ཁྱིམ་སྟོང་སྟོང་ཞིག་ཡིན་དུས།།

རང་རང་སེམས་ཀྱི་ལྷ་འདྲེ་དེ་མཐོང་དཀའ།།

ཟང་ཟིང་གཏམ་ལ་རྒོལ་ཚོད་རང་མེད་ལ།།

སྙན་སྙན་གཏམ་ལ་ཉན་ཚོད་ཡང་མི་འདུག།

དེ་བས་རང་རང་སེམས་ཀྱི་ཁ་དོག་དེར།།

མུ་ཁྱུད་བཞིན་དུ་དམ་པོར་འཇུས་རང་སྟེ།།

མུ་ནས་མུ་རུ་སེམས་དབྱངས་འདི་གྱེར་བཞིན།།

ཆེ་ཆེ་འཇིག་རྟེན་སྲིད་པའི་བྲང་གཞོང་དུ།།

ཆུང་ཆུང་མི་ངའི་རྐང་ཆུང་གི་རྗེས་ཤིག།

མ་ཞོག་རླུང་ལ་འཐིམ་ན་ཞེ་རེ་སྡུག། 


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/9/1 བལྟ་ཀློག (1600)