སློབ་གསོ་བ་དཔལ་ལྡན་ཉི་མའི་དེབ་གསར<<དཔལ་ཡོན་རྣམ་བཤད>>ཅེས་པའི་འགྲེམ་སྤེལ་མཛད་སྒོ་ཆ་རུ་ལས་ཁྱིམ་ནས་འཚོགས།
གསར་འགོད་པ། བདེ་གཡང་།
སྤྱི་ཟླ་༤པའི་ཚེས་༣༠ཉིན་གྱི་ཕྱི་དྲོར། བོད་ཀྱི་སློབ་གསོ་བ་དཔལ་ལྡན་ཉི་མ་ལགས་ཀྱི་དེབ་གསར<<དཔལ་ཡོན་རྣམ་བཤད>>ཅེས་པའི་འགྲེམ་སྤེལ་མཛད་སྒོ་ཆ་རུ་ལས་ཁྱིམ་ནས་དངོས་སུ་སྤེལ་ཐུབ་ཡོད། བོད་ཀྱི་རྩོམ་པ་པོ་དང་དགེ་རྒན་ཆེན་མོ་བ། ལས་རིགས་ཁག་གི་ལས་དོན་པ་དང་དེ་བཞིན་སློབ་མ་སོགས་མི་དགུ་བཅུ་ལྷག་ཐེངས་འདིའི་མཛད་སྒོར་ཞུགས་པ་དང་། ཁམས་པའི་བརྙན་འཕྲིན་ཁང་གི་མདོ་འཛིན་པ་བཀྲ་ཤིས་འཚོས་མཛད་སྒོ་གཙོ་སྐྱོང་གནང་ཡོད།
དཔེ་དེབ་འདི་ནི་གཙོ་བོར་དགེ་རྒན་དཔལ་ལྡན་ཉི་མའི་ཁ་བརྡ་གཞིར་བཟུང་ནས་མཐའ་སྒྲོལ་ལགས་ཀྱིས་ཡི་གེར་ཕབ་པ་དང་རྩོམ་སྒྲིག་གནང་བ་རེད་འདུག འདིའི་ནང་དགེ་རྒན་གྱི་ལྟ་ཚུལ་དག་རྒྱ་ཡིག་དང་དབྱིན་ཡིག་གིས་མ་བྲིས་ནས། ཐོག་མར་གང་མགྱོགས་བོད་ཡིག་གིས་དཔར་ནས་འགྲེམ་པ་འདི་ནི་ལམ་མེད་སར་ལམ་ཞིག་བཏིང་བ་ཡིན་ཞེས་གསུངས་པས། འདི་ནི་བོད་ཡིག་གི་ཐོག་ནས་དེང་རབས་དཔལ་ཡོན་རྒྱས་བཤད་བྱས་པའི་དཔེ་དེབ་དང་པོ་དེ་ཡིན་པར་བཤད་ཆོག
དཔེ་དེབ་ནང་དཔལ་ཡོན་གྱི་མཚན་ཉིད་དང་། དཔལ་ཡོན་གྱི་རྣམ་དབྱེ། དེ་ལྟར་དབྱེ་དགོས་པའི་རྒྱུ་མཚན། དེ་བཞིན་དྲང་བདེན་དང་འདྲ་མཉམ་བཅས་ཁག་བཞིར་བགོས་ནས་བོད་ཀྱི་འཇིག་རྟེན་ལྟ་བ་དང་དེང་རབས་ཀྱི་ཐབས་ཤེས་ཟུང་དུ་འབྲེལ་ནས། མིག་སྔར་འཛམ་གླིང་ཐོག་གོ་མྱོང་མེད་པའི་ལྟ་བ་དང་གཞུང་ལུགས་གང་མང་གསུངས་འདུག
འགྲེམ་སྤེལ་མཛད་སྒོའི་ཐོག་ཏུ། དགེ་རྒན་ལགས་ཀྱིས་དེབ་འདིའི་རྨང་གཞི་ནི་བོད་ཀྱི་རིག་གནས་ཡིན་པ་ལས། ང་མི་སྒེར་གྱི་རྣམ་དཔྱོད་དང་འབད་བརྩོན་གང་ཡང་མིན་ཟེར་ནས་གསུངས་བཤད་འགོ་བརྩམས་ཡོད། ཐོག་མར་ཁོང་གིས་དཔལ་ཡོན་ཟེར་ན་མི་དང་མིའི་བར་གྱི་འབྲེལ་བ་ཡིན་པས། དེར་དྲག་ཞན་དང་མཐོ་དམན་མེད་པར་ཚང་མ་འདྲ་མཉམ་ཡིན་པ་དང་། དཔལ་ཡོན་གྱི་འགོ་འཛུགས་ས་ནི་ཚེ་སྲོག་ལ་ངོ་ཤེས་པའི་བརྒྱུད་རིམ་ཡིན་ཞིང་། དེ་ངོ་ཤེས་པའི་འབྲས་བུ་ནི་དད་པ་ཡིན་པ་དང་། དད་པ་ནི་དཔལ་ཡོན་གྱི་རྨང་གཞི་ཡིན་ཞེས་གསུངས་བྱུང་། དེ་བཞིན་ཁོང་གིས་དཔལ་ཡོན་གྱི་རྣམ་པ་རིགས་བཞིར་དབྱེ་ཞིང་། རིགས་བཞི་བ་ཤམ་བྷ་ལའི་སྤྱི་ཚོགས་ཞེས་པ་གསར་དུ་དབྱེས་ཡོད་ལ། དེའི་དད་པ་ནི་འགྲོ་བ་སེམས་ཅན་ཐམས་ཅད་འདྲ་མཉམ་ཡིན་པ་དང་། གལ་སྲིད་འདིར་གཞུང་ལུགས་དང་ཚན་རྩལ། སློབ་གསོའི་རྒྱབ་སྐྱོར་མེད་ན་དེ་འགྲུབ་ཐབས་མེད་ལ། འགྲུབ་མི་སྲིད་པའི་ལྟ་བ་ཞིག་ལས་གང་ཡང་མིན། རེད་དེ། དེང་རབས་ཀྱི་ཐབས་ཤེས་དང་སློབ་གསོའི་རྒྱབ་སྐྱོར་ཡོད་ན་མ་ལག་འཐུས་ཚང་ཡིན་པའི་སྤྱི་ཚོགས་ཤིག་གྲུབ་ཐུབ་ཅེས་གསུངས་ཡོད།
ཚོགས་ཞུགས་མི་སྣས་དྲི་བ་འདོན་བཞིན་པ།
དེ་ནས་ཚོགས་ཞུགས་མི་སྣས་དགེ་རྒན་ལགས་ལ་དྲི་བ་གང་མང་བཏོན་རྗེས། དེབ་འདིའི་ལོ་ཙཱ་བའམ་ཡི་གེ་ཕབ་མཁན་དགེ་རྒན་མཐའ་སྒྲོལ་ལགས་ཀྱིས་བོད་ཡུལ་ལ་རིག་གནས་སྤེལ་བ་ཞེས་བརྗོད་གཞིར་བྱས་ཏེ། དེབ་འདི་རྩོམ་སྒྲིག་བྱེད་དགོས་པའི་སྐུལ་སློང་དང་སྦྲེལ་ནས། དགེ་རྒན་དཔལ་ལྡན་ཉི་མས་བོད་སྐད་ཡིག་གི་རྒྱུད་འཛིན་དང་དར་སྤེལ་ཐད། དེང་རབས་ཀྱི་ཚན་རྩལ་རིག་གནས་དང་། ཤེས་བྱའི་སྐར་ཁུང་། འཛམ་གླིང་མི་སྣ་གྲགས་ཅན་སོགས་དཔེ་ཚོགས་མང་པོ་སྒྲིག་བསྒྱུར་གནང་བའི་སྐོར་སོགས་གསུངས་ཡོད། དེ་མིན། སྤྱི་ཚོགས་ཤིག་གི་སྒྲོམ་གཞི་ཡིན་པའི་ངོས་ནས། དགེ་རྒན་དཔལ་ལྡན་ཉི་མ་ལགས་ཀྱིས་གང་མགྱོགས་སྤྱི་ཚོགས་དང་སློབ་གསོ། གན་ཆིངས། དྲང་བཞག་སོགས་ཀྱི་རྣམ་བཤད་དཔར་རྩིས་ཡོད་ཅེས་པའི་སྔོན་བརྡ་བཏང་བྱུང་།
དེ་ནས་ཆ་རུ་ལས་ཁྱིམ་ནས་དགེ་རྒན་གཉིས་ལ་བཀྲ་ཤིས་ཁ་བཏགས་ཕུལ་ནས་མཉམ་པར་བསྒྲོན་རྗེས། ཚོགས་ཞུགས་མི་སྣ་རྣམས་འཚང་ཁ་ཤིག་ཤིག་ངང་དེབ་གསར་དཔལ་ཡོན་རྣམ་བཤད་བླུས་ཤིང་། དགེ་རྒན་ལགས་ཀྱིས་རེ་རེ་བཞིན་མཚན་བཀོད་གནང་ནས་དེ་འགྲེམ་སྤེལ་མཛད་སྒོ་བདེ་བླང་ངང་མཇུག་སྒྲིལ་ཡོད།
ཚོགས་འདུའི་ཡུལ་དངོས།
|