
དཔལ་ལྡན་ཇོ་བོ་རྗེའི་དགོངས་རྫོགས་དུས་དྲན།
ལྡོང་རྒྱུད་ཡོན་ཏན་འོད། (རྭ་རྒྱ།)
འདི་ནས་ལུག་ལྡོག་གིས་བརྩིས་པའི་བགྲང་བྱ་དགུ་བརྒྱ་རེ་གཉིས་ཀྱི་དེ་རིང་གི་ཉིན་མོ་ནི་འཇིག་རྟེན་ལྷ་མི་ཀུན་གྱི་གཙུག་རྒྱན་གཅིག་བུར་གྱུར་པའི་བདག་ཉིད་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་གང་ཉིད་སྐུ་གཤེགས་པའི་དུས་ཚོད་རེད་འདུག དེ་བས་དེ་རིང་གི་ཉིན་མོ་འདིར་བདག་ཉིད་ཆེན་པོ་གང་ལ་རྗེས་དྲན་ཐེངས་གཅིག་ཞུ་རྒྱུ་ནི་ནང་བའི་བསྟན་ཞབས་པ་ཀུན་གྱི་སྤྱི་སྐལ་དང་། སྒོས་སུ་རང་རེ་བོད་ཀྱི་ནང་བ་པ་ཡོངས་ཀྱིས་དམིགས་བསལ་དོ་སྣང་བྱ་དགོས་པ་ཞིག་ཀྱང་རེད།
བདག་ཉིད་ཆེན་པོ་འདིའི་མཚན་ལ་ཡོངས་གྲགས་སུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཞུ་བ་ཡིན་ལ། ལེགས་སྦྱར་སྐད་དུ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་བོད་སྐད་དུ་དཔལ་མར་མེ་མཛད་ཡེ་ཤེས་ཞུ། ཁོང་ནི་དུས་རབས་བཅུ་བའི་དུས་མཇུག་གི་ཆུ་རྟ་ལོ་སྟེ་སྤྱི་ལོ ༩༨༢ ལོར་རྒྱ་གར་ཤར་ཕྱོགས་བྷང་ག་ལ་ (孟加拉)བྱ་བའི་གྲོང་ཁྱེར་ཆེན་པོ་དེར་མཁན་ཆེན་བོ་དྷི་ས་ཏྭ་དང་གདུང་རྒྱུད་གཅིག་པའི་ཟ་ཧོར་གྱི་རྒྱལ་བོ་དགེ་བ་དཔལ་དང་། ཡུམ་དཔལ་མོ་འོད་ཟེར་ཅན་གཉིས་ཀྱི་སྲས་སུ་སྐུ་བལྟམས། གཞོན་ནུའི་དུས་སུ་རིག་པའི་གནས་ཆེ་ཆུང་བཅུ་ལ་སྦྱངས་པ་ཕུལ་དུ་བྱིན་པ་མཛད།ཁོང་ཉིད་ལོངས་སྤྱོད་མངའ་ཐང་ཆེ་བའི་རྒྱལ་རིགས་སུ་སྐུ་འཁྲུངས་ནའང་ཆུང་ངུའི་དུས་ནས་ཁྱིམ་གྱི་འདུ་འཛི་སོགས་འཇིག་རྟེན་བྱ་བར་བློ་ལོག་ནར་མར་སྐྱེས་པ་ཞིག་ཡིན། དེ་བས་ཡབ་ཡུམ་གཉིས་སོགས་ཀྱིས་རྒྱལ་སྲིད་སྐྱོང་བའི་རེ་བ་བཟུང་སྟེ་འཇིག་རྟེན་གྱི་འདོད་ཡོན་མང་བོར་སྤྱད་དུ་གཞུག་རྩིས་བྱས་ཀྱང་ཁོང་ཉིད་དེ་དག་ལ་ཆགས་ཞེན་སྤུ་ཙམ་ཡང་མེད་པར་ཡབ་ཡུམ་ཟུང་ལ་ནན་ཞུས་ཀྱིས་རྒྱལ་སྲིད་སོགས་རིང་དུ་སྤངས་ཏེ་དཔལ་རྡོ་རྗེ་གདན་གྱི་མ་ཏི་བྷི་ཧ་རའི་གཙུག་ལག་ཁང་དུ་མཁན་པོ་ཤཱི་ལ་རཀྵི་ཏ་ལས་རབ་ཏུ་བྱུང་། བརྩོན་པ་ཆེན་པོས་མདོ་སྔགས་ཀྱི་ཆོས་འཕགས་ཡུལ་དུ་ཇི་སྙེད་བཞུགས་པ་མཐའ་དག་ལ་སྦྱངས་ཏེ་ཐུགས་སུ་ཆུབ་པར་མཛད་ཅིང་ཉམས་སུ་བཞེས། ལྷག་པར་མྱུར་དུ་མངོན་པར་འཚང་རྒྱ་བའི་ཐབས་སུ་བྱང་ཆུབ་ཀྱི་སེམས་སྦྱངས་དགོས་པར་དགོངས་ཏེ། བྱང་ཆུབ་སེམས་ཀྱི་བདག་པོ་བླ་མ་གསེར་གླིང་བ་ཆེན་པོར་བསྟེན་ནས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཡུམ་གཅིག་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེའི་དོན་གྱི་སྙིང་བོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་ཟིན་གོང་འཕེལ་གྱི་ཐབས་སུ་ཐེག་ཆེན་ལམ་གྱི་རིམ་པའི་ལུས་ཡོངས་སུ་རྫོགས་པ་ཇི་ལྟར་བྱམས་འཇམ་དབྱངས་གཉིས་ནས་རིམ་གྱིས་བརྒྱུད་པའི་གདམས་པ་མཐའ་དག་བུམ་པ་གང་བྱོས་ཀྱི་ཚུལ་དུ་ལོ་བཅུ་གཉིས་ལ་གསན་སྦྱངས་མཛད། དེ་ནས་རྒྱལ་བོ་མ་ཧཱ་པ་ལའི་རིང་ལ་ཁོང་ཉིད་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་སྤྱན་དྲངས་ཏེ་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་ཅིང་རྒྱ་གར་ཤར་ནུབ་ཡུལ་དབུས་དང་བཅས་པའི་མདོ་སྔགས་ཀུན་གྱི་བསྟན་པའི་བདག་པོར་གྱུར། དུས་འདི་ཙམ་ན་བོད་དུ་གླང་དར་གྱིས་ཆོས་བསྣུབས་ཏེ་ལོ་བདུན་ཅུ་ཙམ་གྱི་རིང་ལ་རབ་ཏུ་བྱུང་བའི་སྡེ་མེད་སྟབས་བོད་ཡུལ་མུན་པའི་གླིང་དུ་གྱུར་པ་ན་སླར་ཡང་སྟོད་དུ་ཆོས་རྒྱལ་བྱང་སེམས་རྣམས་དང་ལོ་ཆེན་ཡབ་སྲས། མདོ་ཁམས་སུ་བླ་ཆེན་པོ་སོགས་ཀྱི་སྐུ་དྲིན་གྱིས་བསྟན་པའི་མེ་རོ་གསོས་ཏེ་བསྟན་པ་དང་དགེ་འདུན་གྱི་སྡེ་སྤེལ་ནའང་འགའ་ཞིག་འདུལ་བ་ལ་མོས་པའི་བློས་སྔགས་ཁྱད་དུ་གསོད། ཁ་ཅིག་སྔགས་ལ་མོས་ཙམ་གྱིས་འདུལ་བ་ཁྱད་དུ་གསོད་པ་སོགས་བྱེད་ཅིང་། རྒྱ་གར་གྱི་གསེར་འཚོལ་བ་པཎྜི་ཏར་རློམ་པ་མང་བོ་བོད་དུ་ལྷགས་ནས་གསང་སྔགས་ལ་སྙད་བཏགས་པའི་རྩིང་སྤྱོད་མང་དུ་བྱས་པས་རྒྱལ་བསྟན་རྣམ་པར་དག་པ་ཆགས་པར་བར་ཆད་ཆེན་པོ་རྩོམ་པའི་ཚེ། མངའ་རིས་ཀྱི་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་ལྷ་བླ་མ་ཁུ་དབོན་གྱིས་སྐུ་སྲོག་དང་གསེར་གྱི་འགྲོ་གྲོན་བཏང་སྟེ་བདག་ཉིད་ཆེན་པོ་འདི་ཉིད་བོད་དུ་སྤྱན་དྲངས། ཐེག་ཆེན་ལམ་གྱི་རིམ་པའི་གནད་མ་ལུས་པར་ཚང་བ་བྱང་ཆུབ་ལམ་གྱི་སྒྲོན་མ་མཛད་ཅིང་བཀའ་གདམས་བསྟན་པའི་སྲོལ་དྲི་མ་མེད་པ་ཕྱེས་ཏེ་བོད་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཉི་མ་ལྟར་ཆེས་ཆེར་གསལ་བར་མཛད། འབྲོམ་སྟོན་པ་སོགས་བུ་སློབ་མཁས་པ་མང་དུ་བསྐྱངས་ཤིང་ལོ་བཅུ་བདུན་ལ་བོད་དུ་བཞུགས་པའི་མཐར་སྤྱི་ལོ་ ༡༠༥༤ ལོ་སྟེ་ཤིང་ཕོ་རྟའི་ལོའི་དབྱུག་པ་ཟླ་བའི་ཚེས་བཅོ་བརྒྱད་ལ་སྙེ་ཐང་དུ་སྐུ་གཤེགས་པའི་མཛད་པ་བསྟན། རྣམ་ཐར་རྒྱས་པ་ནི་བཀའ་གདམས་གླེགས་བམ་གཉིས་དང་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་སོགས་སུ་མཇལ་རིགས་སོ།།
བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་ཏེ་ད་བར་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་འགོར་བའི་རིང་གི་ལོ་རྒྱུས་ཁྲོད་དཔལ་ལྡན་ཇོ་བོ་རྗེ་ཁོང་ཉིད་བོད་ཀྱི་བསྟན་པ་བསྟན་འཛིན་དང་བཅས་པར་སྐུ་དྲིན་མཚུངས་མེད་ཀྱི་དམ་པ་ཞིག་ཏུ་འཁུམས་པའི་རྒྱུ་མཚན་ནི་ང་ཚོས་ངེས་པར་དུ་དྲན་དགོས་པ་ཞིག་རེད། ལོ་རྒྱུས་ཐོག་བསྟན་པ་ཕྱི་དར་ནི་བོད་དུ་སངས་རྒྱས་ཀྱི་བསྟན་པའི་འཆད་ཉན་འཕེལ་བའི་རྩེ་མོར་འཇོག་ལ། དེ་ནི་གཙོ་བོར་དུས་སྐབས་དེའི་བོད་ཀྱི་ཕྱི་འགྲིམ་སློབ་མ་སྟེ་ལོ་ཙཱ་བ་དག་གིས་ཆོས་བསྒྱུར་བ་ཙམ་དུ་མ་ཟད་དེ་དག་འཆད་ཉན་དང་རྒྱ་གཞུང་རྣམས་ལ་འགྲེལ་བ་རྩོམ་པ་སོགས་ཀྱི་མཛད་པ་དངོས་སུ་བསྐྱངས་པའི་བཀའ་དྲིན་དུའང་བཤད་པ་རེད། དེས་ན་དུས་སྐབས་དེའི་བོད་ཀྱི་མཁས་གྲུབ་དམ་པ་སངས་རྒྱས་ཀྱི་བསྟན་པ་སྤེལ་བ་ལ་ཉི་ཟླ་ལྟར་གྲགས་པ་དེ་དག་ནི་ཕལ་ཆེར་ཇོ་བོ་ཆེན་པོའི་སྐུ་དྲིན་ཉག་གཅིག་ལ་བརྟེན་ཏེ་བྱུང་བ་ནི་དཔེར་ན་ལོ་ཆེན་རིན་བཟང་གིས་ཇོ་བོར་ཆོས་མང་དུ་ཞུས་པ་དང་། རྔོག་ལེགས་པའི་ཤེས་རབ། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་། འགོས་ཁུགས་པ་ལྷས་བཙས་སོགས་ནི་སློབ་མ་གཙོ་གྲས་སུ་
གཏོགས་པ་དང་། ཁོང་ཉིད་སྤྱན་འདྲེན་པའི་སློབ་མ་རྒྱ་བརྩོན་འགྲུས་སེང་གེ་དང་། ནག་ཚོ་ཚུལ་ཁྲིམས་རྒྱལ་བ་ལྟ་བུ་དག་ནི་ཁོང་གི་སློབ་མར་གྱུར་བ་སྨྲོས་མ་དགོས། ལྷག་པར་བུ་སློབ་ཀུན་གྱི་གཙོ་བོ་འབྲོམ་སྟོན་པར་བསྟན་པ་གཏད་ཅིང་འབྲོམ་གྱིས་སྐུ་མཆེད་གསུམ་སོགས་བསྐྱངས་ཏེ་རིམ་པར་བོད་དུ་བསྟན་པ་རིན་པོ་ཆེ་དྲི་མ་མེད་པར་སྤེལ་བ་ནི་བརྗེད་དུ་ཕངས་པའི་བཀའ་དྲིན་ཟབ་ཤོས་ཡིན། བྱང་ཆུབ་ལམ་གྱི་སྒྲོན་མ་མཛད་དེ་ཕྱིས་རྒྱལ་བསྟན་ཡོངས་ཀྱི་བདག་པོ་རྗེ་བཙུན་ཙོང་ཁ་བ་ཆེན་པོས་གཞུང་དེ་ལ་བརྟེན་ནས་བཀའ་གདམས་བསྟན་པའི་སྲོལ་དྲི་མ་མེད་པ་འཛམ་གླིང་ཡངས་པའི་ཁྱོན་དུ་བརྡལ་བའི་བཀའ་དྲིན་སོགས་ནི་སངས་རྒྱས་བསྟན་པའི་སྲོལ་འཛིན་མཁན་ཡོངས་ཀྱིས་བརྗེད་མི་རུང་བའི་ལོ་རྒྱུས་ཤིག་ཡིན།
དེ་བས་འབྲོམ་གྱིས་བསྟོད་པ་སུམ་ཅུ་བར།
མཁས་མཆོག་ཁྱེད་འདྲ་བོད་དུ་མ་བྱོན་ན།།
སངས་རྒྱས་བསྟན་པ་ཡོད་པར་གྱུར་ཀྱང་ནི།།
ཕལ་ཆེར་ཟབ་མོའི་དོན་ལ་རྨོངས་གྱུར་པས།།
ལེགས་པར་སྟོན་མཛད་ཁྱོད་ལ་ཕྱག་འཚལ་ལོ།།
ཞེས་པའི་ཚིག་ཅིག་བྲིས་གནང་མཛད་པ་ནི་ང་ཚོ་བོད་བརྒྱུད་ནང་བསྟན་གྱི་བསྟན་པ་སྤེལ་མཁན་ཡོངས་ཀྱི་སྙིང་ལ་བརྐོས་པའི་རྗེས་དྲན་གྱི་རྡོ་རྗེའི་རི་མོ་ཞིག་གོ།
བོད་ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་འཕྲལ་དུ་བྲིས།

|