མི་སེམས་འགུལ་བའི་འཕྲིན་གསར།

མི་སེམས་འགུལ་བའི་འཕྲིན་གསར།


སྨན་པ་པད་དཀར།

     ལྷག་བསམ་གྱི་རང་མདངས་མངོན་པར་བཀྲ་བའི་སྨན་པ་པད་དཀར་ནི་མགོ་ལོག་པདྨ་རྫོང་གི་མི་ཡིན་ལ།   སྤྱི་ལོ་༡༩༨༦ལོ་ནས ༢༠༡༢ བར་པད་མ་རྫོང་བོད་སྨན་ཁང་དུ་བྱ་བ་གཉེར།   དེ་རྗེས་རང་རྫོང་དུ་པད་དཀར་སྨན་ཁང་ཞེས་པའི་སྒེར་གཉེར་སྨན་ཁང་ཞིག་གཉེར་ཏེ་གཞན་ཕན་གྱི་ཕྱག་ལས་གནང་བཞིན་མཆིས་ལ།   རང་ལོ ༦༤ སོན་ཡོད་ལ་ནད་རིགས་གསོ་བཅོས་ཀྱི་ཉམས་མྱོང་གིས་ཕྱུག་པའི་སྨན་པ་རྒན་པ་ཞིག་ཡིན་འདུག   མ་གཞི་ཁོ་བོ་ནི་བོད་ཀྱི་དངུལ་མཁན་པོའི་སློབ་མ་ཡིན་པ་རེད།


ནད་པ་སེར་ཐོ།

     དེ་ཡང་ ༢༠༡༧ལོའི་ཟླ ༩ ཚེས ༤ ཉིན། ཁོས་ཆེད་དུ་རང་ས་གནས་ཀྱི་ནད་པ་སེར་ཐོ་ཟེར་བ་དེ་སྔ་ཟི་ལིང་ཞིང་ཆེན་སྨན་ཁང་དང་ཞིང་ཆེན་བཞི་བའི་སྨན་ཁང་། ཁྲིན་ཏུའུ་ཧྭ་ཞི་སྨན་ཁང་། འབར་ཁམས་སྨན་ཁང་བཅས་ལ་སོང་ནས་སྨན་བཅོས་བྱས་ཤིང་སྨན་ཡོན་སྒོར་ཁྲི༧༨ལྷག་འགྲོ་སོང་བཏང་བའི་ནད་པ་ཉམ་ཐག་ཅིག་རེད། ནད་པ་དེར་ཀླད་སྙིང་གི་ནད་དང་འདུས་འདྲིལ་གཅོང་ནད་ཀྱིས་ཉེན་ཏེ་ལོ་གཅིག་དང་ཟླ་བ་བཞི་ལྷག་འགོར་སོང་བ་རེད། ཁོ་ལ་གཙོ་བོ་ཁོག་སྨད་ཀྱི་ཚོར་བ་ཡོད་ཚད་ཉམས་ཏེ་འགྲོ་སྐྱོད་བྱེད་མི་ཐུབ་པ་རེད། ས་གནས་ཨ་ལགས་ཤིག་གིས་ལུང་བསྟན་དུ་ཁྱོད་སྨན་པ་པད་དཀར་ལ་བསྟེན་དུ་སོང་ལ་གཙོ་བོ་སྨན་པའི་ངག་བཞིན་བསྒྲུབ་ན་ཕན་ངོ་ཆེ་གསུངས་རབས་བཤད། སྨན་པ་པད་དཀར་གྱིས་ཉིན་འགའ་ལ་སྨན་བཅོས་བྱས་ཀྱང་ཕན་སྐྱེད་མ་ཐོན་པར་ཁོ་རང་གི་དགེ་རྒན་སི་ཁྲོན་མཛོད་དགེ་རྫོང་གི་བོད་ཀྱི་དངུལ་ཁབ་རིག་པའི་ཆེད་མཁས་ཆེན་མོ་རྒན་བྱང་རིག་ཁོའི་མདུན་དུ་ནད་པ་བཟའ་མི་ནད་གཡོག་དང་བཅས་པ་ཁྲིད་དེ་བཅོལ་གདམས་དང་མཚམས་སྦྱོར་བྱས་ཏེ་ནད་པ་དེའི་བདེ་སྡུག་ཐམས་ཅད་དགེ་རྒན་ལ་གཏད་པ་མ་ཟད་ཁོའི་གསོ་བཅོས་ཁྲོད་ཀྱི་དོགས་གནད་མང་བོ་ཉིན་འགར་དགེ་རྒན་ལ་བཀའ་འདྲི་བྱས། སྨན་པ་ཞིག་གི་ངོས་ཐད་ནས་ནད་པའི་དོན་ཕྲག་ཏུ་བླངས་ནས་ས་ལེ་བར་བརྒྱ་ཕྲག་མང་བོར་སྐྱེལ་མ་དང་རོགས་རེས་བྱེད་པ་ནི་ཤིན་ཏུ་མད་པའི་བྱ་བ་དང་མིག་དཔེར་འོས་པའི་བྱ་བཞག་ཅིག་རེད།


བོད་ཀྱི་དངུལ་ཁབ་མཁན་པོ་གླིང་བ་བྱང་རིག་ཁོ།

གཤམ་ནས་སློབ་མའི་དད་བརྩོན་དང་ནད་པའི་ཡིད་ཆེས་ལས་བྱུང་བའི་ཕན་འབྲས་བྱུང་ཚུལ་ཁྲིགས་ཆགས་སུ་བརྗོད་པར་བྱས་ན།

      ནད་པ་སེར་རིས་ནི་མགོ་ལོག་པདྨ་རྫོང་མདོ་གོང་མ་དབང་མདའ་རུ་ཆུང་གསུམ་པའི་ཡིན་ལ། ལོ་གཅིག་སྔོན་ནས་བཟུང་མི་འདོད་ནད་ཀྱིས་གཟིར་ཏེ་རྐང་བར་རྒྱུན་ལྡན་མ་ཡིན་པའི་ནད་རྟགས་བྱུང་བར་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དུ་ལུམས་བཅོས་བྱས་རྗེས་ཇེ་སྡུག་ཏུ་ཕྱིན་པ་ལྟ་བུར་སྣང་། རྗེས་སུ་གཞོགས་འདེགས་བརྟག་དཔྱད་ལས་ཀླད་གཅོང་ལ་ངོས་བཟུང་།  རིམ་བཞིན་རྐང་བ་གཉིས་བེམ་ཞིང་འགུལ་སྐྱོད་ཀྱི་བྱ་བ་ཡོངས་སུ་ཉམས་པས། ཁྲིན་ཏུའུ་华西སྨན་ཁང་གིས་སྒལ་ཚིགས་ཀྱི་ནད་ལ་ངོས་བཟུང་སྟེ་གཤགས་བཅོས་བྱས་ཟིན་མོད། ནད་གཞི་ལ་ཕན་སྐྱེད་མ་བྱུང་ཟེར།  དེ་རྗེས་འབར་ཁམས་ཁུལ་སྨན་ཁང་སོགས་སྨན་ཁང་དུ་མར་གསོ་བཅོས་བྱས། ནད་ཡུན་ལོ་གཅིག་དང་ཟླ་བཞིའི་རིང་སྨན་ཡོན་བསྡོམས་སྒོར་ཁྲི ༧༨ ལྷག་སོང་ཟིན་ནའང་། ཡིད་སྐྱོ་བ་ཞིག་ལ་ཁོའི་ནད་གཞི་ལ་ཕན་སྐྱེད་ཅི་ཡང་མ་བྱུང་། ཉིན་འགའི་སྔོན་ལ་རང་ས་ཆའི་བླ་མའི་ལུང་བསྟན་ལྟར་སྨན་པ་པད་དཀར་ལ་བསྟེན། སྨན་པས་ཁོའི་གནས་ཚུལ་ཞིབ་ཏུ་ཤེས་རྗེས་སྙིང་རྗེ་ཚད་མེད་སྐྱེས་ཏེ་རང་གི་མཚན་སྙན་དང་འབྱོར་བ་ཅི་ཡང་མ་བསམས་པར། རང་ལ་ནད་དེ་གསོ་བའི་ནུས་པ་མི་ལྡན་ཚེ། ནད་གཞི་ལ་འགོར་འགྱངས་གཏན་ནས་བྱ་མི་རུང་དང་། གཙོ་བོ་ནད་པའི་ཚེ་སྲོག་སྐྱོབ་ཐབས་གལ་ཆེ་བར་དགོངས་ཏེ། ཁོས་ནད་པ་ཁྲིད་ནས་དགེ་རྒན་བྱང་རིག་ཁོ་ལགས་ཀྱི་མདུན་དུ་སླེབས་པར་མ་ཟད། ད་དུང་ཉིན་ཤས་ལ་ཁོ་ཚོར་རོགས་རམ་བྱས་ནས་བསྡད་འདུག  བྱམས་དང་སྙིང་རྗེ་ཡིས་ཕྱུག་པའི་སྨན་པ་པད་དཀར་དང་། བོད་ཀྱི་དངུལ་ཁབ་རིག་པའི་ཆེད་མཁས་ཆེན་མོ་དགེ་རྒན་ལགས་ཀྱི་ལྷག་བསམ་དང་ཁྱད་དུ་འཕགས་པའི་དངུལ་ཁབ་གསོ་བཅོས་ཟུང་འབྲེལ་ལས། ནད་པ་སེར་རིས་ལ་གཙག་བཅོས་བྱས་པའི་ཉིན་ཐོ་ནི།

ཉིན་རེའི་གནས་ཚུལ་རགས་ཙམ་བརྗོད་ན་བོད་ཀྱི་དངུལ་ཁབ་ལ་དེ་བས་ཡིད་ཆེས་ཡོང་སྲིད།

     ཚེས༥ཉིན་གྱི་སྔ་དྲོར་གསང་དམིགས། སྤྱི་གཙུག ཟ་འགྲམ། གློ་གསང་། སྙིང་གསང་། མཁལ་གསང་། སྨད་གནད་གསང་། ཁྲག་མཚོ། སྲིབས་གསུམ་མདོ་བཅས་སུ་གདབ་པས་བརླ་རྒྱུད་ཐུར་དུ་སྦྲིད་ཤར་རྒྱག་པ་ཚོར།  དེ་ནས་ཕྱི་དྲོར་མཁལ་གསང་། རམ་འདེགས་གསང་། མཁལ་གྲང་གསང་། རྟ་མཐུར་ཀུན་ཕན། སྲིབས་གསུམ་མདོ་བཅས་སུ་གདབ་སྐབས་ཐེངས་གཉིས་ལ་རྐང་བ་གློ་བུར་དུ་འགུལ་ཙམ་བྱས་སོང་།

     ཚེས ༦ ཉིན་གྱི་སྔ་དྲོར། སྔ་ཉིན་གྱི་དངུལ་ཁབ་གདབ་ཤུལ་ཅུང་སྦྲིད་པ་དང་། ལུས་ཕུང་ཡོངས་ལྕི་སྣང་འཆར་བ། རྐང་བར་ཚོར་ཤེས་ཙམ་རེ་འབྱུང་ཟེར། དེ་ནས་སྔ་ཉིན་གྱི་སྔ་དྲོའི་གསང་དམིགས་སྤྱི་གཙུག་སོགས་སུ་གདབ། ཕྱི་དྲོར་གནས་ཚུལ་དྲིས་ཚེ་རྐང་མགོ་དང་པུས་མགོ་ལ་དྲོད་ལྡན་ཡང་གྲང་སྙམ་བྱེད་པ་འབྱུང་། དེ་ནས་མཁལ་གསང་། རམ་འདེགས་གསང་། སྒབ་ཁུང་གསང་། བྱིན་ཉྭའི་གསང་དམིགས་རམ་འདེགས་གསུམ་བཅས་སུ་གདབ། 

     ཚེས ༧ ཉིན་གྱི་སྔ་དྲོར། སྔར་བཞིན་རྐང་བར་དྲོད་ལྡན་ཡང་གྲང་སྙམ་བྱེད་པ་དང་། ཁོའི་སྣང་བར་རྐང་བ་འགུལ་ཏེ་འགྲོ་ཐུབ་སྙམ་པའི་སྣང་བ་ཤར། རྨི་ལྟས་ལ་རྫི་བོར་འགྲོ་བ་རྨིས་པ་སོགས་བྱུང་། དེ་ནས་སྤྱི་གཙུག་སོགས་སྔ་ཉིན་གྱི་སྔ་དྲོའི་གསང་མིག་དག་ལ་གདབ་པས། ཚོར་སྣང་ལ་འགྲོ་ཐུབ་སྙམ་པ་སོགས་ཀྱི་རྟགས་སྔར་བཞིན་ནོ།། དེ་ནས་མཁལ་གསང་། རམ་འདེགས་གསང་། བརླའི་ཕྱི་སུལ། སྒབ་ཁུང་། བྱིན་ཉྭའི་གསང་དམིགས་རམ་འདེགས་གསུམ་བཅས་ལ་གདབ།

     ཚེས ༨ ཉིན་གྱི་སྔ་དྲོར། སྔར་མེད་པའི་རྐང་རུལ་བྲོ་བ་ལྟ་བུའི་སྣང་བ་བྱུང་། གཞན་པ་སྔར་བཞིན་འདུག་ཟེར། དེ་ནས་མཁལ་གསང་། རམ་འདེགས་གསང་།    གཡས་གཡོན་གྱི་པུས་མིག་སྒོ་གཉིས། ཁྲག་མཚོ། རྟ་མཐུར་ཀུན་ཕན་བཅས་སུ་གདབ་པ་དང་། ཕྱི་དྲོ་ཡང་སྔ་ཉིན་གྱི་ཕྱི་དྲོའི་གསང་མིག་དེ་དག་ལ་གདབ།

     ཚེས ༩ ཉིན་གྱི་སྔ་དྲོར་དྲིས་ཚེ་ཁྱད་པར་བ་ནི། ཉིན་རེར་ཐེངས་གཅིག་ལ་ལག་པ་གཞན་ལ་བརྟེན་ཞིང་ནད་གཡོག་གིས་པུས་མོ་སྐྱོར་ཏེ་ཡར་ལངས་ཡུན་སྔར་ལས་རིང་དུ་སོང་འདུག་ཟེར། དེ་ནས་མཁལ་གསང་། ཁྲག་མཚོ། པུས་མིག་སྒོ་གཉིས། རྟ་མཐུར་ཀུན་ཕན། པུས་གཉེར་ཐུར་གསང་། སྲིབས་གསུམ་མདོ་བཅས་ལ་གདབ།

     ཚེས ༡༠ ཉིན་གྱི་སྔ་དྲོར་དྲིས་ཚེ། སྔར་བཞིན་ལས་ཁྱད་པར་བའི་རྟགས་མི་འདུག དེ་ནས་མཁལ་གསང་། རམ་འདེགས་གསང་། ཁྲག་མཚོ་གསང་། པུས་མིག་སྒོ་གཉིས། རྟ་མཐུར་ཀུན་ཕན། པུས་གཉེར་ཐུར་གསང་བཅས་ལ་གདབ། 

     ཚེས ༡༡ ཉིན་གྱི་སྔ་དྲོར་རྐེད་པ་བརྒྱུད་བརླ་ནང་ཐུར་དུ་ཟུག་གཟེར་ལངས་པ་ཚོར་ཙམ་དང་། རྐང་མགོ་འགུལ་ཙམ་རེ་བྱེད་ཐུབ་པའི་རྟགས་བྱུང་། དེ་ནས་མཁལ་གསང་། རམ་འདེགས་གསང་། ཁྲག་མཚོ། པུས་མིག་སྒོ་གཉིས། རྟ་མཐུར་ཀུན་ཕན། པུས་གཉེར་ཐུར་གསང་བཅས་ལ་གདབ། ང་ཚོས་དགེ་རྒན་དང་མཉམ་དུ་ནད་པ་དེར་ཉིན་བདུན་ལ་གཙག་བཅོས་བྱས་པའི་གནས་ཚུལ་ལ་བརྟག་ན་ཕན་འབྲས་གཡུལ་དུ་ཟ་བ་ཞིག་འཐོབ་པའི་ཡིད་ཆེས་དང་གདེངས་ཚོད་ཡོད། ཅིའི་ཕྱིར་ཞེ་ན། ཉམ་ཐག་ནད་པ་དེར་སྨན་ཁང་ཆེ་གྲས་དང་སྨན་པ་གང་མང་ལ་བསྟེན་ཀྱང་མ་ཕན་པར་ལོ་གཅིག་འགོར་སོང་ཡང་དགེན་ལགས་ཀྱིས་གསོ་རིམ་དང་བོར་སྦྲིད་པའི་ཚོར་བ་དང་དྲོད་རྒྱས་པའི་ཚོར་བ། ཚ་འཁྱིག་རྒྱག་པའི་ཚོར་བ། དྲི་མནམ་པའི་ཚོར་བ། ཅུང་འགུལ་ཐུབ་པ་དང་རྨི་ལྟས་གང་ལ་བརྟག་ཀྱང་ཕན་ངོ་ཆེ་བ་དང་། ཁྱད་པར་སྨན་པ་ལྷག་བསམ་ཅན་གྱི་རོགས་རམ་དང་། ནད་པ་ཡིད་ཆེས་ཅན་གྱི་བསམ་པ། ལག་རྩལ་ཆེད་མཁས་ཅན་གྱི་བྱམས་སེམས་སོགས་ཕྱི་ནང་གི་རྟེན་འབྲེལ་གང་ལ་བལྟས་ཀྱང་མགོ་ལོག་གི་ནད་པ་སེར་རིས་མི་འགྱངས་པར་འགྲོ་བསྐྱོད་ལོས་ཐུབ་སྙམ་ཡོང་ལ་མྱུར་དུ་ནད་ལས་ཐར་བའི་བཀྲ་ཤིས་སྨོན་འདུན་ཞུའོ།།

གསར་འཕྲིན་འགོད་མཁན། དངོས་སྦྱོང་སློབ་མ། བློ་བཟང་སྒྲོལ་མ། འཇིགས་མེད་ཆོས་བཟང་། བཀྲ་བྷེ་བཅས་ཡིན།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2017/9/14 བལྟ་ཀློག (4863)