༈མཚན་མོའི་ཕྱི་ནང་། 
 
	
		 སྙན་ཚོམ། 
	 
	
		མགར་མེ་ལྗང་།      དཀར་མཛེས།༽ 
	 
 
 མཚན་ལམ་རིང་མོའི་རྒྱུ་སྐར་ཞིག་གི་ཆེད་དུ 
 ངས་ད་དུང་ནམ་མཁའ་ལ་ཅེར་ནས་བསྡད 
 ཟླ་བ་མ་ཤར་བའི་སྔོན་ལ 
 དྲོད་ལམ་ལམ་གྱི་བརྩེ་བ་དེ་མཐོང་མ་སྲིད 
 དོ་ནུབ་ང་རང་མཚན་མོ་ལ་ཕྱོགས 
 བདག་སེམས་རླུང་ལ་བསྐུར 
 མཁའ་དབྱིངས་ཀྱི་སྐར་ཚོགས་སླར་ཡང་སྤྲིན་ནག་གིས་གཤེར 
	 2017/7/28 
 
 
	 མཚན་མོའི་གླུ་སྐད། 
 
                       
 ཉི་མ་མཚོ་ཁ་ནས་མར་རུབ་ལ་ཉེ་དུས 
 བདག་གིས་རྒྱང་རིང་གི་ནམ་མཁའ་ལ་གཏད་ནས 
 ཞོགས་པ་ཞིག་གི 
 ཉི་མ་ལ་སྒུག་ཡོད 
 
 དོ་ནུབ་ནི་ཤིན་ཏུ་ལྷིང་ཞིང་འཇགས་ལ 
 སྡུག་བསྔལ་གྱི་རླུང་བུ་དག་ཀྱང་རི་སྒང་ནས་ཡལ་ཟིན 
 སྐར་ཚོགས་ཀྱི་འོད་མདངས་ས་ལ་འཕྲོས་ཏེ 
 མཚན་མོ་འདིས་ཉིན་མོའི་རང་བཞིན་གྱི་ཚུལ་བཟུང 
 བདག་སེམས་ནི་ཁྱོད་སར་ཕྱོགས་ནས་ཙོག་པུར་འདུག 
 མོའི་རྣ་བ་ལ་བརྩེ་དུང་གི་གླུ་གཞས་གྱེར 
 
 དོ་ནུབ་ནི་ཤིན་ཏུ་ལྷིང་ཞིང་འཇགས་ལ 
 དལ་གྱིས་ལྡང་བའི་རླུང་བུ་མེད་ལ 
 སིལ་གྱིས་འབབ་པའི་ཆར་བ་ཡང་མེད 
 ཡོད་ཚད་འཇམ་ཅག་གེར་མཚན་མོ་ལ་ཕྱོགས་ཏེ་གཉིད་དུ་ཡུར 
 ཟླ་འོད་ཀྱིས་འོད་སྣང་གིས་བཏུམས་པའི་མཚན་མོ་འདི་ནི 
 ཁྱོད་རང་བཞིན 
 རྣ་ལ་སྙན་ཅིང   ཡིད་དུ་འབབ་བྱུང་། 
 
	 2017/11/18 
 
     
	 ཡིད་བྱུང་གི་གཏམ། 
 
                             
 ཁྱེད་དྲན་འོང་དུས 
 ངའི་སྙིང་ཁ་ནས་འདས་སོང་བའི་གཏམ་རྒྱུད་རེ་རེེས 
 མེ་སྟག་མཆེད་བཞིན 
 ཁྱོད་རང་འབོད་ཀྱིན་ཡོད 
 ཞེ་སེམས་གཉིས་ལ་འདྲེས་ནས་བྱུང་བའི་བརྩེ་དུང་གི་གཏམ་རྒྱུད་འདི་དག 
 རྒོད་པོ་བཞིན་འཕུར་མྱོང་ལ 
 ཉི་མ་བཞིན་ཤར་མྱོང 
 མཚོ་མོ་བཞིན་འཁྱིལ་མྱོང 
 
	 2017/10/10 
 
   
	 ཡོད་ཚད་གཉིད་དུ་ཡུར་བའི་མཚན་མོ་ཞིག་ལ།      
 
	མཚན་མོ་དེར 
 
 བརྩེ་དུང་གི་གཏམ་རྒྱུད་རེ་རེ་དབྱངས་སུ་བཀུག་ནས 
 ངུ་ངག་གི་རི་ལུང་ཐང་གསུམ་གཉིད་ལས་དཀྲོག་དུས 
 དྲན་བྱུང་ངམ 
 ངའི་སྙིང་ཁ་རུ་སྤུངས་པའི་དྲན་པ་གཉོམ་པོ 
 
 འཁྱག་སིབ་སིབ་ཀྱི་ཁ་བའི་འདབ་མ་སར་ལྷུང་ནས 
 གྲང་ཤུར་ཤུར་གྱི་རླུང་བུ་རེ་རེས་ཤུར་སྒྲ་དབྱངས་སུ་གྱེར་དུས 
 དྲན་བྱུང་ངམ 
 ངའི་དྲན་པ་ལ་ཐོགས་པའི་ཡ་ཆུང་གི་རྣམ་ཤེས་འཁྱམས་པོ 
 
 འཇམ་ཐིང་ཐིང་གི་མཚན་མོའི་ཡུལ་ལ་ཕྱོགས་ནས 
 ཁྲ་ཆེམ་ཆེམ་གྱི་ཟླ་བའི་འོད་ཀྱི་གསེབ་ནས 
 ནག་ཡོར་ཡོར་གྱིས་རི་ཚོགས་ཀྱི་མཐར་རུ་འཇུག་དུས 
 དྲན་བྱུང་ངམ 
 ངའི་སྙིང་གཏམ་མངར་མོའི་དྲོད་ཁོལ་གྱི་མེ་ཆེན 
 མཚན་མོ་དེར 
 བདག་ལ་ལབ་ཚིག་མེད་ལ 
 ངག་སྒོ་ཡང་འགག་ཟིན་པའི་མཚན་མོ་དེར་ངས་ཁྱོད་ལ་དགོངས་དག་ཞུ་ཆོག 
	 2017/9/19 
 
 
  རྩོམ་པ་པོའི་ངོ་སྤྲོད།༽མགར་མེ་ལྗང་ནི་༡༩༩༧ ལོར་དཀར་མཛེས་ཉག་རོང་ཐང་སྐྱིད་དུ་སྐྱེས། 
 གནས་དེ་གའི་མཚན་ཉིད་སློབ་གྲྭ་ནས་བཤད་གྲྭའི་བར་ལོ་ཧྲིལ་བོ་དུ་མར་བོད་ཀྱི་ཐུན་མིན་རིག་གནས་ལ་ས་བཅད་མ་སྟོང་ཁུལ་གྱི་སྦྱངས་འབྲས་ལྷུར་བླངས། ༢༠༡༦ ལོ་ནས་བཟུང་སྙན་ངག་འབྲི་ཀློག་གི་ལས་ལ་དགའ་ཕྱོགས་ལྟར་འབད་མུས་སུ་ཡོད།  
 ཁོ་བོས་སྙན་ངག་ལ་བཟུང་བའི་རྣམ་འགྱུར་ནི་མིའི་རིགས་ཀྱི་ནང་དོན་ལས་བརྒལ་བའི་ཚེ་སྲོག་གི་གསོན་ཤུགས་ཤིག་སྟེ། ནམ་ཡང་མི་འབྲལ་མར་མེའི་འོད་དང་སྡོང་བུ་བཞིན་སྙན་ངག་དང་མཉམ་འདུན་གྱི་སྤོབས་པ་བཅངས་ཀྱིན་ཡོད།
  |