ཨ་མ་དྲན་པ།

ཨ་མ་དྲན་པ།

སོག་སྨྱུག


ལས་སྨིན་གྱི་ལྷུ་ཚིགས་བར་ནས།
ངའི་ཤི་མ་གསོན་གྱི་རྣམ་ཤེས་ཆུང་ཆུང་།
ཁྱེད་ཀྱི་བྱང་ཁུག་གི་སྙིང་ཤའི་གཞི་རུ་ཆགས།
དུས་དེ་ནས་བཟུང་།
ངས་ཁྱོད་ལ་རི་ལྟར་མཐོ་བའི་དྲིན་ལན་ཞིག་གསོག་ཉར་བྱས་ཡོད།

ཟུངས་ཁྲག་དང་ལྷན་དུ་མི་ཡུལ་ལ་ཐོན་དུས།
ངུ་སྐད་ཅིག་ཁྱོད་ཀྱི་རྣ་བར་བསླངས་ཡོད།
བདེ་སྡུག་གི་དབུ་ཁྱུད་བྲིས་པའི་ཉམ་ཆུང་ཁོ་བོ།
དུས་དེ་ནས་བཟུང་སྟེ།

ཁྱེད་ཀྱི་བརྩེ་ཞེན་དང་གཅེས་སྐྱོང་འོག་ནས།

མི་ཚེའི་ངུ་དག་གི་དབྱངས་རྟ་དཀྲོལ་བ་བྱུང་།


བགྲང་བྱ་རེ་རེ།

ཁྱེད་ཀྱི་ལུས་དྲོད་ཀྱིས་བསྲོས་ཤིང་།

ཁྱེད་ཀྱི་སྙིམ་པའི་ནང་གཉོར་བཞིན།

ཐ་སྙད་རེ་རེ།

ཁྱེད་ཀྱི་ངག་སྒོ་ནས་བསླབས་དུས།
ངས་ཁྱོད་ལ་ཞེན་ཆགས་དང་སེམས་ཁུར་བསྣན་ཡོད།

ཁྱེད་ཀྱིས་ང་ལ་ནག་ནོག་དང་བྲལ་བའི་སེམས་པ་བསྩལ་ལ།

མི་ཡུལ་གྱི་འགྲོ་ལམ་རེ་རེར་སེམས་པས་བསྐྱལ་ཡོད།


ནར་སོན་གཤོག་ཟུང་ཐོག་པའི་ང་རང་།
ཁྱེད་ཀྱི་ཉེ་གམ་ནས་དབྱིངས་སུ་འཕུར་ཐེངས་རེ་རེར།

ཁྱེད་ལ་བྱིན་པའི་སེམས་ཁུར་དང་ཞེན་ཆགས་མང་དྲགས་སོང་།

དེ་བས་ས་ཆེན་གྱི་ཕང་བ་འདི་ནས།

ཁྱེད་ཀྱི་བཀའ་དྲིན་རྟག་བརྟན་ཐེར་ཟུག་ཏུ་བཞེངས་ཡོད།


ཁྱེད་ནི་ངའི་རྒྱབ་རི་ཡིན།

ཁྱེད་ནི་ངའི་སྙིང་སྟོབས་ཡིན།

ཁྱེད་ནི་ངའི་མི་གཞི་ཡིན།
ཁྱེད་ནི་ངའི་མིག་དཔེ་ཡིན་ཞེས་པ་དེའོ།།

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/5/11 བལྟ་ཀློག (3735)