སྒྲོལ་མ་རྣམ་གསུམ།

                                                                      ཁྲག་སྙུག

འབྲོག་པའི་སྒྲོལ་མ།

གཡའ་དག་པའི་ཞོགས་རླུང་བསིལ་མོས།

གནག་སྣུམ་གྱི་སྐྲ་ལོ་བསྒུལ་ཞིང༌།

དགོ་དགོ་འབྲུ་མོའི་དབྱངས་རྟ་ཁོ་ནས།

མྱི་ཚེ་ལ་བདེན་དོན་བཅོས་མ་ཞིག་བསྩལ།

ལྕི་དྲི་བྲོ་བའི་བདེན་དོན་བཅོས་མ་ཞིག་བསྩལ།

རྨིག་རྗེས་ནས་འབུས་པའི་སྙུ་གུ་ཆུང་ཆུང༌།

གྲང་རླུང་གི་གཙེས་པའི་ངོ་གདོང་སྐྱ་བོ་དེ།

ཁྱེད་ཀྱི་གཏམ་རྒྱུད་ལ་འཐིམས་པའི་ལས་སྐལ་རེད།

སློབ་རའི་སྒྲོལ་མ།

རང་ཉིད་བཙལ་སའི་སློབ་ཁང་དེ་ན།

མིག་ཟུང་ལྟ་བུའི་དཔེ་དེབ་དེ་ཐང་ལ་བཞག་ནས།

བརྩེ་དུང་རྫུན་མ་ཞིག་ལ་ལག་སྙོབ་བྱེད་བཞིན།

རང་ཉིད་དངོས་མ་ཞིག་གཏན་ནས་མ་རྙེད།

རྒྱ་མཚོའི་ནང་གི་ཁབ་སྐུད་བཞིན་གཏན་ནས་མ་རྙེད།

ཕ་མ་ཚོའི་རྔུལ་ཁྲག་འཇིབ་དུས་འདྲེ་མོ་ཞིག

འདྲེ་མོ་ཁྲག་འཐུང་ཞིག

གྲོང་རའི་སྒྲོལ་མ།

མེ་ཏོག་གི་ཁ་དོག་མ་ཡལ་བའི་ལང་ཚོར།

ཤོག་སྒོར་འགའི་མཆིལ་ཞགས་དང་རྡོག་བརྫིས་བྱས།

རང་ཉིད་ཀྱི་མྱི་གཞི་ལ་དམའ་འབེབ་བྱེད་པ་ཐལ་དྲགས་སོང་བས།

ཁྱེད་ནི་ནམ་ཡང་བསམ་བློ་མེད་པའི་བྲན་གཡོག་ཅིག

 མཚོན་མདངས་བྱུགས་པའི་སྐྲ་ལོ་ནག་པོ་དེས།

ཁྱེད་ཀྱི་ངོ་གདོང་འགེབ་བཞིན་ཡོད།

ལང་ཚོ་གཅེར་བུ་དེ་འགེབ་བཞིན་ཡོད།


རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག  སྤེལ་དུས། 2013/5/24 བལྟ་ཀློག (1877)