མིག་ཟུང་འདི་ཁྱོད་ལ་གཏད་ཡོད།

          མ་འོངས་པའི་རང་གི་ཆུང་མར་བྲིས་པའི་སྙན་ངག་གཉིས་པ།

བདེན་ཞུན། ༼རྨ་ཆུ༽

བདག་གིས་ཁྱོད་གཅིག་པུ་བཙལ་ནས་ཡུན་རིང་འགོར་སོང་བ་ཡིན་ནམ

ཁྱོད་ཀྱིས་ང་ཁོ་ན་སྒུག་ནས་ད་བར་དུ་ལུས་སོང་བ་ཡིན

ཡིད་དུ་འོང་བའི་དབྱར་ལྗོངས་ཤིག་བཞུད་སོང

སྙིང་ལ་སྡུག་པའི་ན་ཚོད་ཅིག་ཡལ་སོང

བདག་གིས་སྐྲ་ལོ་རིང་བོ་ཞིག་བཞག་ཡོད

རང་གི་སྤོབས་པ་དང་ལང་ཚོ་བཏེགས་པའི་སྐྲ་ལོ་རིང་བོ་ཞིག་བཞག་ཡོད

ཁྱོད་རང་ནི་བརྩེ་བ་མཚོ་ལྟར་ཟབ་པའི་འཇིག་རྟེན་གྱི་ཨ་མ་ངོ་མ་ཞིག་ཡིན་ནམ

ང་དང་རང་གི་བུ་ཆུང་ལ་བྱམས་པའི་དབྱངས་ཅན་མའི་སྤྲུལ་བ་དངོས་ཤིག་ཡིན་པར་རེ་སྒུག་བྱས་ཡོད

བུ་ཆུང་གི་བརྩེ་འཛུམ་དང་བདག་གི་སྙན་ངག་ལ་ཡི་རངས་བྱེད་པའི་སེམས་ཁོང་གི་བདག་མོ་ལགས

འཇིག་རྟེན་འདི   མ་གཞི་ནས་གོར་མ་རྡོ་ཡིས་གྲུབ་པ་ཞིག་ག་ལ་ཡིན

ང་རང་གཉིས   གཏན་དུ་རྨི་ལམ་ནས་སད་མི་སྲིད་པ་ཞིག་ཀྱང་ག་ལ་ཡིན

གང་ལའང་མིག་ཟུང་གིས་བལྟ་འདོད་པའི་སྐབས་འདིར་ཁྱོད་རང་མཐོང་བྱུང

སུ་ལའང་དག་གཙང་གི་སྙན་ངག་བྲི་འདོད་པའི་དུས་འདིར་ཁྱོད་ལ་ཕྲད་བྱུང

མེ་ཏོག་གི་སྐེ་རྒྱན་སྐོན་སའི་བོད་པའི་བུ་མོ

དབྱངས་ཡིག་གི་སྙིང་གཏམ་གློད་སའི་བོད་པའི་བུ་མོ

གང་ལྟར   མིག་ཟུང་འདི་ཁྱོད་ཁོ་ནར་གཏད་ཡོད

ཁྱོད་ཀྱི་བརྩེ་སེམས་དང་ཁྱོད་ཀྱི་བྱམས་བརྩེ་ལ་གཏད་ཡོད

ཁྱོད་ཀྱི་མིག་འབྲས་དང་ཁྱོད་ཀྱི་འཛུམ་མདངས་ལ་གཏད་ཡོད

                                                                        ༢༠༡༢ལོའི<<རྨ་ཆུའི་རླབས་སྒྲ>>ལས།


རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག  སྤེལ་དུས། 2013/6/3 བལྟ་ཀློག (1826)