མང་ཉུང་སྡེབ་པའི་ཀ་ཕྲེང་།




         ____ཧི་མ་ལའི་ལྗང་མྱུག་གིས།

ཀ་བ་བཞིན་དུ་དྲང་བའི་དཔོན་པོ་ཉུང་།།
ཁ་ཁོག་གཉིས་ཀ་མཚུངས་པའི་གླུ་བ་ཉུང་།།
ག་ལེར་དོན་གཉིས་སྒྲུབ་པའི་ལས་བྱེད་ཉུང་།།
ང་ཅག་བོད་ལ་དྲང་བདེན་མི་སྣ་ཉུང་།།

ཅ་ཅོའི་འཆལ་གཏམ་སྤེལ་བའི་མཁས་པ་མང་།།
ཆ་ལུགས་སྣ་ཚོགས་གྱོན་པའི་གཞོན་ནུ་མང་།།
ཇ་ཁང་ཆང་ཁང་ཉུལ་བའི་སློབ་མ་མང་།།
ཉ་ཉོག་གྲུབ་མཐར་ཞུགས་པའི་ལྟ་ལོག་མང་།།

ཏ་ཐཱ་ག་ཏའི་བསྟན་པ་འཛིན་མཁན་ཉུང་།།
ཐ་ཆད་མི་ལ་སྐྱོན་བརྗོད་བྱེད་མཁན་ཉུང་།།
ད་དུང་ཕ་སྐད་གཙང་མ་བཤད་མཁན་ཉུང་།།
ན་ནིང་ད་ལོ་ལྷག་ཏུ་གྲྭ་པ་ཉུང་།།

པ་ཏྲའི་ཁྲི་ལ་རྔམ་པའི་གཡོ་ཅན་མང་།།
ཕ་མར་བརྩི་བཀུར་མེད་པའི་ཅོལ་ཆུང་མང་།།
བ་གླང་སྤྱོད་པར་མཚུངས་པའི་སྨྱོན་པ་མང་།།
མ་རབས་ཕྱོགས་ལ་རྗེས་སུ་འབྲང་མཁན་མང་།།

ཙ་རི་གནས་སྐོར་བྱེད་པའི་རྣལ་འབྱོར་ཉུང་།།
ཚ་གྲང་དཀའ་སྤྱད་བཟོད་པའི་སྒོམ་ཆེན་ཉུང་།།
ཛ་ཛོར་འདུ་འཛིར་མི་གཡེང་སློབ་མ་ཉུང་།།
ཝ་ལེར་སྙིང་ནས་བོད་ལ་སྲི་ཞུ་ཉུང་།།

ཞྭ་མདོག་དམར་སེར་རྩོད་པའི་སྐྱ་སེར་མང་།།
ཟ་གྲོགས་འཐུང་གྲོཊ་འཁྱམ་གྲོཊ་སྡུག་གྲོཊ་མང་།།
འ་ཅག་བོད་ལ་ལོག་བཤད་ལོ་རྒྱུས་མང་།།
ཡ་མཚན་ང་ཡིན་ཟེར་བའི་གྲུབ་ཐོབ་མང་།།

རྭ་ལྡན་ནོར་གནག་ཚེ་ཐར་གཏོང་མཁན་ཉུང་།།
ལ་ལུང་རྒྱལ་ཁམས་ཡུལ་སྐོར་བྱེད་མཁན་ཉུང་།།
ཤ་ཚའི་སྙིང་གཏམ་བཤད་མཁན་གྲོགས་པོ་ཉུང་།།
ས་རྐོ་རྡོ་སློག་མ་བྱས་ས་ཆ་ཉུང་།།

ཧ་ལམ་གང་བྱུང་མ་བྲིས་བདེན་ལུགས་མང་།།
ཨ་མཚར་ཀུ་རེ་མིན་ལ་བསམ་གཞིག་མང་།།
ཧ་ཅང་སྡེབ་སྦྱོར་དམན་པའི་ཀ་ཕྲེང་འདིར།།
ཨ་ཅང་དགོངས་འགལ་ཡོད་ན་བཟོད་གསོལ་ཞུ།།
     བོད་རྒྱལ་ལོ༢༡༤༠ལོའི་ཟླ་༡ཚེས་༥དགོང་མོར་ཕ་ཡུལ་ནས་བྲིས།

རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2013/6/9 བལྟ་ཀློག (2497)