མགར་གྱི་སྦྲ་ནག་ཀ་བརྒྱ་མའི་ནང་དུ་བཙན་པོའི་མགར་གྱི་དྲ་བ་ཤར་གཏོང་བྱས་པ།

    སྤྱི་ཟླ6པའི་ཚེས་12ཉིན་གྱི་ཞོགས་པར་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་འགྲམ་དུ་བཙན་པོའི་མགར་གྱི་དྲ་བ་ཤར་གཏོང་བྱེད་པའི་མཛད་སྒོ་གཟབ་རྒྱས་ངང་བསྡུས་པར་མ་ཟད། མགར་གྱི་རུས་རྒྱུད་སྤྱི་བཤད་དེབ་ཐེར་རྩོམ་སྒྲིག་བྱ་བའི་ཐད་ལ་བསམ་བློ་བརྗེ་རེས་བྱས།

    ཐེངས་འདིའི་ཚོགས་འདུ་ནི་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་འགྲམ་ངོགས། མགར་གྱི་སྐྱེས་རི་བློན་པོ་གསེར་ཆེན་གྱི་འདབས་རོལ། སྐྱིད་ཉིན་ལུང་རྒྱ་ཡེ་རྩྭ་ཐང་དུ་མགར་གྱི་ཕ་སྦྲ་སྨུག་པོ་སྦྲ་ནག་ཀ་བརྒྱ་མའི་ནང་དུ་བསྡུས་ཤིང་། མཚོ་སྔོན་དང་། ཀན་སུའུ། ཟི་ཁྲོན་སོགས་མདོ་ཁམས་གཉིས་ནས་ཕེབས་པའི་མགར་སྐོར་གྱི་མི་སྣ་མང་པོ་དང་། བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་འབུམ་རམས་པ་མཐའ་བ་བཀྲ་ཤིས་དོན་གྲུབ། འཛམ་གླིང་རིག་པའི་དཔའ་བོ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྐུ་ཚ་གཡུང་དྲུང་རྒྱལ་སོགས་སྦྲ་ནག་གཅིག་གི་ཐུ་འོག་ཏུ་འཛོམས་ནས་རང་རང་གི་བསམ་ཚུལ་དང་ལྟ་ཚུལ་ལྷུག་བརྗོད་གནང་།

        ཚོགས་འདུ་ལས་ཕྱོགས་སོ་སོའི་མགར་སྐོར་ནས་ཕེབས་པའི་འཐུས་ཚབ་པས་བཙན་པོའི་མགར་གྱི་དྲ་བའི་གནས་ཚུལ་དང་མ་འོངས་འཕེལ་ཕྱོགས་ཐད་ཀྱི་ལྟ་ཚུལ་བརྗོད་པར་མ་ཟད། མགར་གྱི་རུས་རྒྱུད་སྤྱི་བཤད་ཇི་ལྟར་རྩོམ་སྒྲིག་མཛད་རྒྱུའི་ཐད་བགྲོ་གླེང་མི་ཉུང་བ་གནང་། ཐེངས་འདིའི་ཆེད་ཞུའི་སྐུ་མགྲོན་མཐའ་བ་བཀྲ་ཤིས་དོན་འགྲུབ་ལགས་ཀྱིས་ཀྱང་མགར་གྱི་རུས་རྒྱུད་སྤྱི་བཤད་རྩོམ་སྒྲིག་བྱེད་རྒྱུ་དང་ལེན་བྱས་ཐོག རུས་རྒྱུད་སྤྱི་བཤད་འདི་རྩོམ་སྒྲིག་མཛད་པའི་དགོས་པ་དང་། ཇི་ལྟར་རྩོམ་སྒྲིག་མཛད་རྒྱུ་སོགས་ཀྱི་ཕྱོགས་ནས་གཏམ་བཤད་གལ་ཆེན་གནང། གཞན་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྐུ་ཚ་གཡུང་དྲུང་རྒྱལ་ལགས་ཀྱིས་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གདུང་རྒྱུད་གསེར་གྱི་ཕྲེང་རྡོག་དེ་མགར་གྱི་རུས་རྒྱུད་ཕྲེང་བར་བརྒྱུས་ཤིང་། རྒྱུ་མཚན་དང་དོན་དངོས་དཔང་དུ་བཞག་ནས་མཁས་དབང་དགེ་འདུན་ཆོས་འཕེལ་ཡང་མགར་གྱི་རུས་རྒྱུད་དྲི་མ་མེད་པ་ཡིན་པ་བདེན་དཔང་བྱས་པས། ཕྱོགས་སོ་སོ་ནས་ཕེབས་པའི་མགར་སྐོར་གྱི་མི་རྣམས་ཀྱིས་བློ་ལ་སྤོབས་པ་རྒྱས་ཤིང་། སེམས་ལ་དགའ་ཚོར་བྱུང་བ་མ་ཟད་རྟགས་དང་རྟེན་འབྲེལ་ཆེན་པོ་མ་བསྒྲིགས་ངང་གིས་འགྲིག་པར་དགའ་སྣང་ཆེན་པོ་བྱུང་།

     གཞན་མ་འོངས་པར་མདོ་དབུས་ཁམས་གསུམ་གྱི་མགར་སྐོར་ལྷན་དུ་འཛོམས་ཤིང་། མགར་སྐོར་གྱི་མཐུན་སྒྲིལ་གསེར་གྱི་ལག་རྡང་གི་དབུ་ཁྱུད་འདི་ལས་བོད་ཡུལ་ཆོལ་ཁ་གསུམ་གྱི་ནང་མི་སྤུན་ཟླ་ཡོངས་ཁ་སེམས་གཅིག་ཏུ་ཕྱོགས་ཤིང་། སྐྱིད་སྡུག་མཉམ་དུ་གཤིབ་ནས། སྐྱིད་སྦྲ་ནང་གཅིག་གི་ཕུ་ནུ་ལྟ་བུར་འགྱུར་བའི་སྨོན་འདུན་གྱིས་མཐའ་བསྐྱངས་ཏེ་ཚོགས་འདུ་མཇུག་བསྡུས།

སྦྲ་ནག་གཅིག་གི་ཐུ་འོག་ལ་འཛོམས་པའི་མགར་གྱི་ཕུ་ནུ་མིང་སྲིང་།

མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་གླང་ཆེན་མཆེ་བའི་སྟེང་གི་མཉམ་པར།

མགར་ཚང་གི་སྦྲ་ནག་ཀ་བརྒྱའི་མདུན་གྱི་ལྷན་འཛོམས།

མགར་གྱི་སྦྲ་ནག་ཀ་བརྒྱ་མ་དང་མགར་མི་བོ་ཆེ་བྱམས་པ་མཐའ་ཡས།

ལམ་ལ་ཆས་བཞིན་པའི་མགར་གྱི་ཕུ་ནུ་མིང་སྲིང་།

མི་རབས་གསར་བའི་མདུན་བསྐྱོད་ཀྱི་གོམ་སྟབས།


རྩོམ་སྒྲིག་པ།  མགར་རྣམ་རྒྱལ་རིག་འཛིན།  སྤེལ་དུས། 2013/6/14 བལྟ་ཀློག (3776)