མཛོ་མོ་འཚོལ་བ།

                                                 འབྲུག་མཚོ།

   གནའ་དང་པོ་ཡུལ་གྲུ་ཞིག་ན་ཤིག་དང་ལྗི་བ་གཉིས་ཀྱི་འཚོ་རྟེན་དུ་མཛོ་མོ་རེ་ཡོད། ཐེངས་ཤིག་ཉི་མ་རི་རྩེར་ཤར་བ་ན། ཤིག་གིས་ལྗི་བར་གནོད་སེམས་ཀྱི་ན་བུན་རབ་ཏུ་ལྡིང་ནས་གྲོགས་པོ་ལ་གཡོ་ཐབས་ཀྱིས། དེ་རིང་ཁྱེད་ཀྱིས་ངལ་གསོས་དང་ངས་མཛོ་མོ་གཉིས་རྩྭ་ཁར་བཏང་སྟེ་མྱུར་དུ་ཕྱིར་ལོག་ཡོང་ཞེས་བརྗོད་པར། ལྗི་བས་གྲོགས་པོར་ཡིད་ཆེས་བརྟན་པོ་ཡོད་སྟབས། དེ་ལྟར་ཁས་བླངས་ནའང་སེམས་སུ་ཤིག་ནི་ཟ་འདོད་ཉལ་ལ་དགའ་བ་ཡོད་ཀྱང་དེ་རིང་ཅི་ཡིན་ནམ་སྙམ། ཤིག་གིས་རང་གི་མཛོ་མོ་ཐག་ཉེ་རིང་རན་པ་ཞིག་བྱས་ཤིང་། ལྗི་བའི་མཛོ་མོ་དེ་ལ་ལུང་གི་ཕྲེང་བ་བརྒྱུད་དེ་རྒྱང་རིང་དུ་བཏང་པས་དུས་ཡུན་རིང་ཙམ་ལ་ཕྱིར་ལོག་མ་ཐུབ།

    རྟ་བདུན་དབང་པོའི་ཟེར་ཕྲེང་ཕྱོགས་རིས་མེད་པར་འཛིན་མའི་གཞི་ལ་དྲོད་འཇམ་གྱི་རེག་བྱ་སྟེར་ཞིང་། ཉིན་གུང་ཙམ་ལ་ཕྱིར་ལོག་སྐབས། ལྗི་བས་གྲོགས་པོ་ལགས། ཁྱེད་དེ་འདྲའི་ཡུན་རིང་འགོར་དོན་ཅི་ཞེས་དྲིས་ཚེ། ང་རང་དྲོད་ལྡན་ཉི་འོད་འོག་ལ་ངལ་གསོ་ཕྲན་ཙམ་གྱིས་གཉིད་དུ་ཡུར་སོང་ཞེས་མགོ་སྐོར་བྱས། ཕྱི་དྲོ་ཙམ་དུ་ལྗི་བ་མཛོ་མོ་གཉིས་འདེད་པར་སོང་ནས་ཡུན་རིང་བཙལ་ཀྱང་གྲོགས་ཀྱི་མཛོ་མོ་ལས་རང་ཉིད་ཀྱི་མཛོ་མོ་མ་རྙེད་པར་ཕྱིར་ལོག་སྟེ། ཤུགས་རིང་ནར་ནར་གྱིས་མགོ་བོ་ལག་པས་བསྐྱོར་ནས་བསྡད། ཤིག་གིས། སེམས་འཚེར་མ་བྱེད་དང་སང་ཉིན་སྔ་ཙམ་ནས་ཁྱེད་སོང་དང་། ངས་མཛོ་མོ་གཅིག་པོར་ལྟ་མ་གཏོགས་གལ་སྲིད་གཉིས་ཀ་བོར་སོང་ན་ངེད་གཉིས་ཀྱི་འཚོ་གནས་ཇི་ལྟར་བྱེད་ཅེས་གཡོ་ཐབས་ཀྱིས་སེམས་གསོ་གཏོང་ཁུལ་བྱས་ཏེ་མཚན་གང་རྫུན་ཚིག་གིས་ཟད་པར་བྱས།

   ནམ་ལངས་པ་དང་ལྗི་བ་མྱུར་མོར་མལ་ལས་ལངས་ཏེ་མཛོ་མོ་འཚོལ་དུ་ཇ་ཡུན་ཙམ་ཕྱིན་པ་ན། ལུང་པ་རིང་པོ་ཞིག་གི་ཕུ་ན་ལབ་ཙེ་ཞིག་ཡོད་པ་དང་ཕྲད་པས་ལབ་ཙེ་ལ། མཛོ་མོ་ལུས་ཡོངས་དུང་གི་མདོག་ལྡན་པ།། ཞིབ་ལྟ་བྱས་ན་དཀར་པོར་སྨུག་ཐིག་དང་།། རྭ་གཡོན་རྩེ་མོ་ཆག་ལ་ནག་ཤད་ཅན།། དེ་འདྲའི་ཁྱད་ལྡན་སྲོག་ཆགས་མ་མཐོང་ངམ་ཞེས་དྲིས་པར། ལབ་ཙེ་ཡིས་བདག་གི་ཧྲུལ་ཆག་ཏུ་སོང་བའི་རྡོ་དང་དར་ཤིང་སོགས་ལེགས་པོ་བྱོས་དང་དེ་ནས་བཤད་ན་འགྲིག་ཅེས་སྨྲས། ལྗི་བས་དེ་ལྟར་བྱས་ཚེ། ཁྱོད་རང་ལུང་བ་འདིའི་དཀྱིལ་ཙམ་དུ་སོང་དང་། དེ་ན་ཆུ་མིག་ཁ་ཤར་དུ་གཏད་པ། དུས་རྒྱུན་ཆུ་འགྲམ་དུ་མེ་ཏོག་སྣ་ཚོགས་བཞད་ཅིང་ཨུཏྤལ་ཀྱི་དྲི་ཞིམ་ལྡན་པ་ཞིག་མཆིས་པས་དེས་ཤེས་ངེས། མཐར་ཁྱེད་ལ་བདེ་སྐྱིད་ཀྱི་དཔལ་དགུ་རྫོགས་ཞེས་བཤད། ལུང་དཀྱིལ་དུ་སྔར་བཤད་པ་ལྟར་གྱི་ཆུ་མིག་ལ་ཕྲད་པས་དྲིས་པ་ལ། ཆུ་མིག་གིས། བྱ་བྱེའུ་རི་དྭགས་རྣམས་ལ་ཆུ་འཐུང་སླ་བར་ཆུ་འཁྱིལ་ཞིག་བཟོས་དང་བཤད་ཅེས་སྨྲས། དེ་ལྟར་བསྒྲུབས་པ་ན། ད་ལུང་མདོ་ན་ཁྱིམ་ཚང་ཞིག་གནས་ཡོད་པས་དེར་དྲིས་དང་ཁྱོད་ལ་ལན་སྟེར་ངེས་རེད་ཅེས་དམ་བཅས། ཁོ་སོང་སོང་བ་ན་དུད་ཁྱིམ་ཞིག་དང་ཕྲད་པས་སྔོན་མ་ལྟར་དྲིས། ཁྱིམ་ཚང་དེས་ཁོ་ཁྱིམ་དུ་བོས་ནས་བཟའ་བཏུང་ཚིམ་པ་བྱས་ཤིང་སྔར་བྱ་བཟང་བསྒྲུབས་པར་གཟེངས་བསྟོད་དུ་རིན་པོ་ཆེ་སྣ་ཚོགས་རང་གིས་ཅི་ལྕོགས་ཤིག་ཁུར་བཅུག་པས། དགའ་སྤྲོའི་ངང་རང་ཁྱིམ་དུ་ལོག་ནས་གནས་ལུགས་ཆད་ལུས་མེད་པར་གྲོགས་པོར་བརྗོད། དེའི་ཚེ་ཤིག་གིས་རང་ལའང་དེ་ལྟར་ཐོབ་འདོད་ཀྱི་རླུང་འཚུབ་དྲག་ཏུ་ལྡིང་ཞིང་ཧམ་སེམས་ཀྱི་མཚོ་རླབས་རབ་ཏུ་འཕྱུར་ནས། བདག་ཀྱང་དེ་ལྟར་འགྲོ་དགོས་ཞེས་གྲོགས་པོར་ཨུ་ཚུགས་བྱས། ལྗི་བས་དེ་ལྟར་བརྗོད་དགོས་དོན་ཅི་ཡང་མེད་ངེད་གཉིས་ལ་ཚད་རན་པའི་ནོར་རྫས་འདུག་པ་སོགས་བརྗོད་དེ་ཕྱིར་བཤོལ་བྱས་ཀྱང་མ་ཐུབ་པས་ཤིག་གིས་མཛོ་མོ་ཐག་རིང་ཞིག་ཏུ་བསྐྲད། ཕྱིར་ཉིན། ཤིག་གིས་སེམས་སྐྱིད་པའི་སྣང་གླུ་བར་མེད་སྒྲོག་ཅིང་ལུས་དགའ་བའི་ཡན་ལག་གར་ལ་བསྒྱུར་ནས་མཛོ་མོ་འཚོ་ཁུལ་དུ་ཕྱིན། ཡུན་རིང་སོང་བ་ན་བཀྲེས་ལྟོགས་ཀྱིས་གོམ་ཁ་འཁྱར་འཁྱོར་ངང་ཕུ་ཐག་རིང་བའི་ལུང་བ་ཞིག་དང་ཕྲད་པའི་ཚེ། ལྗི་བས་བཤད་པ་ལྟར། ལུང་ཕུའི་ལབ་ཙེ་ལ་དྲིས་པར། 

    སྔར་ལྗི་བ་ལ་བཤད་པ་ལྟར་སྨྲས་ཚེ། ཁྱོད་ལ་རོགས་བྱེད་པ་ལས་རང་གི་ནོར་བཙལ་ན་འགྲིག་ཅེས་པ་སོགས་བཤད་ནས་གཞན་ཕན་གྱི་བྱ་བ་ཅི་ཡང་མ་བསྒྲུབས། ཉིན་ཕྱེད་ཙམ་དུ་དུད་ཁྱིམ་ཞིག་དང་ཕྲད་ནས་མཛོ་མོ་དྲིས་པར། སྔོན་གྱི་ལབ་ཙེ་དང་ཆུ་མིག་སོགས་ལ་ཕན་མ་བྱས་པས་ཉེས་རྡུང་དྲག་པོ་ཕོག་པ་ལས་རིན་པོ་ཆེ་སྣ་ཚོགས་ལོན་པ་ཕར་ཞོག ཐ་ན་མཛོ་མོའང་སྟེར་མི་སྟེར་ཙམ་བྱས་ཏེ། ནང་སེམས་སྡུག་བསྔལ་དང་ཕྱི་ལུས་བཀྲེས་ལྟོགས་ན་ཟུག་གིས་རབ་ཏུ་མནར་ཅིང་མིག་ཟུང་ལས་མཆི་མ་ཤམ་ཤམ་དུ་བཞུར་བཞིན་ཡུལ་དུ་ལོག

    དེ་ནས་བཟུང་ལྗི་བ་ནི་མིའི་ལྷུ་ཆེན་བཅོ་བརྒྱད་ཐོག་ཚེ་སྲོག་ལ་འཇིགས་བྲལ་ཀྱིས་ཅི་དགར་འཚོ་ཞིང་བདེ་སྐྱིད་ཀྱི་དཔལ་ལ་རོལ། ཤིག་ནི་དེ་ལས་ལྡོག་སྟེ་ལུས་ལ་ཟོར་ཡང་མྱུར་ཆ་མེད་ལ་རབ་ཏུ་གླེན་པས། སྲོག་འཇིག་སླ་ཞིང་ཀུན་ཀྱིས་དམོད་མོ་དང་བརྙས་བཅོས་གཏོང་སའི་གནས་ལས་ནམ་ཡང་ཐར་མེད་དུ་རང་མགོ་རང་གིས་བསྐོར་ཏེ་ཉམ་ཐག་གི་འཚོ་བར་བྲལ་མི་ཕོད་པ་ལགས་སོ


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2013/6/19 བལྟ་ཀློག (2837)