iPhoneགྱི་སྐོར་ནས་བོད་མི་ཚོར་བྲིས་པ།

                                                   སྐྱབས་ཆེན་བདེ་གྲོལ།
      ད་ལྟ་རྒྱལ་ནང་གི་ཚོང་རར་iPhoneདག་མ་ཉོ་བའི་བརྒྱུད་ལམ་བཞི་ཙམ་འདུག་སྟེ། དང་པོ་ནི་ཧང་ཀང་དང་ཨ་རི་སོགས་ནས་ཐོན་ཡང་ཉོས་རྗེས་ཆག་པ་མི་གསོ་བའི་རིགས་ཤིག་སྟེ།དེ་དག་ནི་རིན་གོང་ཉིས་བརྒྱ་སུམ་བརྒྱ་ཙམ་གྱིས་ཀྲུང་གོའི་ཆོག་མཆན་ཡོད་པ་ལས་ཅུང་སླ།དེ་རིགས་ཀྲུང་གོའི་གྲོང་ཁྱེར་ཆེ་བ་དག་གི་རྩིས་འཁོར་གྱི་ཁྲོམ་ར་ཁག་ཏུ་བཙོང་རྒྱུ་ཡོད་ཅིང་བོད་པ་ཚོར་ཐག་ཉེ་བའི་ལན་ཀྲུ་ན་བཙོང་རྒྱུ་འདུག ཟི་ལིང་དང་ལྷ་ས་གཉིས་ཀ་ན་ཡོད་མེད་གསལ་བོ་མ་ཤེས།རིགས་གཉིས་པ་ནི་ཀུ་ཤུ་ཀུང་ཟིས་ཐད་ཀར་འཚོང་བ་སྟེ་ཀྲུང་གོའི་དྲ་བར་ཞུགས་པའི་ཆོག་མཆན་ཡོད་ཅིང་ཉོས་རྗེས་ཞབས་ཞུའང་ཡོད་པའི་རིགས་ཡིན།དེ་ནི་ཀུ་ཤུ་ཀུང་ཟིའི་ཀྲུང་གོའི་ཆེད་འཚོང་ཁང་དང་།༼ད་ལྟ་རྒྱལ་ཡོངས་ན་ཆེད་འཚོང་ཁང་བཞི་མ་གཏོགས་མེད།སོ་སོར་པེ་ཅིང་ན་གཉིས་དང་ཧྲང་ཧེ་ན་གཉིས་ཡོད༽ཀུ་ཤུ་ཀུང་ཟིའི་དྲ་བwww.apple.com.cnན་འཚོང་གི་ཡོད་ན་ནའང་iPhone4ནི་ད་ལྟ་མཚམས་ལན་རེར་མ་གཏོགས་ཉོ་རྒྱུ་ཧ་ཅང་དཀའ།རྒྱུ་མཚན་ནི་བཙོང་རྒྱུ་ཡོད་དུས་བར་ཁེ་བ་མང་པོས་གྲལ་བསྒྲིགས་ཏེ་ཉོས་རྗེས་སླར་ཡང་གོང་བསྟད་ནས་འཚོང་བཞིན་པས་རེད།རིགས་གསུམ་པ་ནི་ཀྲུང་གོའི་ལེའན་ཐུང་(中国联通)ཀུང་ཟིའི་ཁ་པར་དང་བྱང་བུ་མཉམ་དུ་བཙོང་བའི་རིགས་ཏེ་དེར་iphone4བ་ཞིག་ལ་ཉུང་མཐར་ཡང་སྒོར་༥༨༨༨དགོས་པ་རེད།དེའི་བཟང་ཆ་ཞིག་ནི་ཁྱོད་ལ་ཁ་པར་ཐོབ་པའི་ཞོར་དུ་སྒོར༥༨༨༨རིན་གྱི་སྐད་གླའང་ཐོབ་ཡོད།ཡིན་ནའང་དེ་ཞིང་ཆེན་རེ་རེར་སྐལ་བགོས་ཏེ་ཉུང་ངུ་རེ་བཙོང་རྒྱུ་ཡོད་པ་ལས་གང་དགར་ཉོ་རྒྱུ་མི་འདུགཡོད་པ་དག་ཀྱང་གོང་བཞིན་བར་ཁེ་བས་ཉོས་ནས་ཁ་པར་དང་སྐད་གླ་གཉིས་ཀ་ཕྲལ་ཏེ་འཚོང་བཞིན་འདུག རིགས་བཞི་བ་ནི་ཁྲོམ་ར་ཁག་དང་ཐོ་བྷོ(陶宝)སོགས་དྲ་ཐོག་ཚོང་ར་ནས་བར་ཁེ་བའི་ལག་ནས་ཉོ་བ་སྟེ།དང་པོ་ཀུ་ཤུ་ཀུང་ཟིས་བཙོང་དུསiPhone4ཞིག་ལ་དམངས་སྒོར༥༠༠༠ཡིན་ནའང་ད་ལྟ་མ་མཐའ་ཡང༥༥༠༠སྟེར་དགོས་པ་རེད།རྒྱལ་ཁབ་སོ་སོ་ནས་ཐོན་རྫས་འདི་ཉིད་ལེགས་པོར་མཐོང་སྟེ་འཕྲོག་རྩོད་བྱས་ཏེ་རིན་གོང་མར་ཆག་པ་ལྟ་ཅི་ཡར་འཕགས་པ་རེད།འདི་ནི་ད་ལྟའི་ཁྱིམ་སྤྱོད་འཕྲུལ་ཆས་ཀྱི་ལྷ་སྒྲུང་ལྟ་བུ་ཞིག་ཏུ་ཆགས་ཡོད་པ་རེད།དྲ་གྲོགས་རེ་འགས་དྲ་ངོས་ན་སྒོར་ཆིག་སྟོང་ཅན་གྱི་iPhoneཡོད་པར་གླེང་འདུགའདིར་གསལ་བོར་བཤད་རྒྱུ་ནི་གོང་གི་བརྒྱུད་ལམ་ཁག་མ་ཡིན་པའི་ཚོང་རྫས་ཡོད་ཚད་ནི་རྫུན་མ་དང་འདྲ་བཟོ་ཡིན་ལ། དེ་དག་གི་ནང་དུ་བོད་ཡིག་སྤྱོད་ཐུབ་པ་ལྟ་ཅི།ཐ་ནIphoneགྱི་ཆེས་ལེགས་པའི་ཡོན་ཏན་ཏེ་མཛུབ་མོ་ཐུག་སྟེ་ཁ་ལོ་སྒྱུར་བའང་བྱེད་ཐུབ་ཀྱི་མེད།དེ་དག་ནི་ཕྱིའི་རྣམ་པའི་ཆ་ནས་ལད་མོ་ཙམ་བྱས་པ་ལས་གཞན་མེད། རྫུན་མའི་གྲས་སུ་ད་ལྟ་ཀྲུང་གོའི་ཏེན་ཞེན(中国电信)ཀུང་ཟིས་བཟོས་པ་ཞིག་ཀྱང་འདུག མཐར་ཐུག་ན་དེ་དག་ཚང་མ་རྫུན་མ་ཡིན་པས་iosཡི་མ་ལག་སྤྱོད་མི་ཐུབ་པས་སྤྱིར་བཏང་གི་ཁ་པར་ཞིག་དང་གཉིས་སུ་མེད་པ་རེད།དེ་མིནiPhoneགཉིས་པ་དང་གསུམ་པ།དེ་བཞིནipodརྙིང་བ་སོགས་ཀྱི་མ་ལགios4.2.1ལ་བསྒྱུར་ན་ཀུ་ཤུ་ཀུང་ཟིའི་དྲ་ངོས་ནསiTunesཟེར་བའི་མཉེན་ཆས་དེ་ཕབ་ལེན་བྱ་དགོས་པ་དང་།དེ་ནས་ཁ་པར་ཉིད་རྩིས་འཁོར་ལ་སྦྲེལ་རྗེས་མ་ལག་མཐོ་རུ་འདེགས་དགོས།རྩིས་འཁོར་བཀོལ་བར་ཉམས་མྱོང་ཅུང་ཡོད་ན་བསླབ་མི་དགོས་པར་ཤེས་ངེས།ཡིན་ནའང་ཉིད་ཀྱི་ཁ་པར་སོགས་ཅི་ལྟར་རྙིང་ན་མ་ལག་གསར་བའི་བཀོལ་ནུས་དེ་ཙམ་གྱིས་ཇེ་དལ་དུ་འགྲོ་ངེས་ཡིན་པས་རབ་ཡིན་ན་iPhone4གསར་བ་ཞིག་ཉོས་ན་འགྲིགམ་ལག་གསར་བའི་ནང་ཁ་པར་ཇེ་དལ་དུ་འགྲོ་བ་དེའི་ཕྱོགས་ནས་ཉེ་སྔོན་བཀོལ་སྤྱོད་པས་ཀུ་ཤུ་ཀུང་ཟི་ཁྲིམས་ལ་གཏུག་པའི་གནས་ཚུལ་ཡང་འདུགགཞན་དྲ་གྲོགས་རེ་འགས་མཉེན་ཆས་དེ་ཅི་ལྟར་ཕབ་ལེན་བྱ་དགོས་ཞེས་སོགས་དྲི་བ་བཏོན་ཡོད།དེ་ནི་ཐེངས་འདིའི་གསར་འགྱུར་ལ་གོ་བ་མ་ལོན་པའི་རྟགས་ཤིག་སྟེ།སྤྱིར་བོད་ཡིག་གི་གཏག་ཐབས་དང་ཡིག་གཟུགས་ནི་མཉེན་ཆས་ཤིག་ཡིན་ནའང་རྩིས་འཁོར་ལྟར་ནང་འཇུག་བྱ་ཆོག་པ་ཞིག་མིན་ཏེ།ཁ་པར་གྱི་མ་ལག་གི་མཉེན་ཆས་ཆེན་པོ་དེའི་ནང་དུ་རང་ཤུགས་ཀྱིས་བཅུག་ཡོད་པ་ཞིག་ཡིན་པས་གལ་སྲིད་ཁྱོད་ཀྱིས་ཁ་པར་དུ་བོད་ཡིག་སྤྱད་འདོད་ན་ཁྱོད་ལ་ངེས་པར་དུ་ཀུ་ཤུ་ཀུང་ཟིའི་ཐོན་རྫས་ཤིག་དགོས་པ་དེ་རེད།རྗེས་མར་ལག་རྩལ་སོགས་ཇེ་མཐོར་སོང་ཚེ་ཁ་པར་གྱི་མ་ལག་ཀུན་གྱི་ནང་འཇུག་ཐུབ་པའི་བོད་ཡིག་གི་མཉེན་ཆས་བཟོ་ཆོག་པ་རེད།དེ་ལ་དུས་ཚོད་ག་ཙམ་དགོས་པ་ད་ལྟ་གསལ་བོར་འཆད་མི་ཐུབ་ཀྱང་དུས་ཚོད་མང་པོ་ཞིག་མི་དགོས་པའི་སྨོན་ལམ་འདེབས།སྤྱིར་རང་རེའི་བོད་དམངས་ཕལ་ཆེ་བ་ས་ཁུག་ལུང་ཁུག་དག་ཏུ་གཞིས་ཆགས་པ་དང་།རང་རེར་རྟགས་པར་འདུ་འཛོམས་བྱེད་སའི་དེང་རབས་ཅན་གྱི་གྲོང་ཁྱེར་མེད་པ།མི་རིགས་གཞན་གྱི་ལྟ་བའི་ཤུགས་རྐྱེན་ཐེབས་ཏེ་རྒྱུ་ནོམ་སོགས་མཛོད་དུ་ཉར་བ་ལས་ལོངས་སྤྱོད་བྱ་རྒྱུའི་གོམས་སྲོལ་ཡག་པོ་ཆགས་མེད་པ་སོགས་ཀྱི་རྐྱེན་པས་དེང་གི་ཡོ་བྱད་གསར་བ་འདི་ལྟ་བུར་རྒྱུས་ལོན་མེད་པ་སོགས་ལ་ཁག་མི་འདུག་མོད། འོན་ཀྱང་དུས་རྒྱུན་པར་ཁུངས་མེད་ལུང་མེད་ཀྱི་སྐད་ཆ་འབའ་ཞིག་ལ་བརྟེན་ནས་མི་རིགས་ཀྱི་དོན་གླེང་ཁུལ་བྱེད་པ་ལས།ཐོན་རྫས་གྲགས་ཅན་འདི་ལྟ་བུ་ཞིག་ཉོས་ཏེ་གཅིག་ནས་རང་གིས་ལོངས་སུ་སྤྱོད་པ་དང་།གཉིས་ནས་བོད་ཡིག་གི་བརྡ་འཕྲིན་ལག་རྩལ་གོང་དུ་སྤེལ་བར་དཀར་ཐིགས་རེ་འཕང་ན་མི་ལེགས་པ་ཅི་ཡང་མི་འདུག་སྙམ།བདག་གི་བསམ་ཚུལ་ཡིན་ན།ཟླ་བ་གཉིས་གསུམ་ཙམ་གྱི་རྗེས་ནས་རྒྱལ་ནང་གི་གང་ས་གང་ནའང་iPhone4འང་འདང་ངེས་པ་བཙོང་རྒྱུ་ཡོད་སྲིད་པ་དང་།རིན་གོང་ད་ལྟ་ལས་ཅུང་མར་ཆག་ངེས་པ་རེད།གལ་སྲིད་ཁྱོད་ཀྱིས་བོད་ཡིག་ཡོད་པ་ཁོ་ནར་དམིགས་ནས་iPhoneཞིག་ཉོས་ནའང་འགྱོད་པ་སྐྱེས་དགོས་པ་ཞིག་མིན་པ་སྟེ།དེའི་བཀོལ་སྤྱོད་ཀྱི་ནུས་པ་ནི་ཁ་པར་གཞན་གང་གིས་ཀྱང་འགྲན་ཟླ་བྲལ་བ་ཞིག་ཡིན་ལ་ཕྱོགས་ལ་ལ་ནས་རྩིས་འཁོར་ཞིག་ལས་ཀྱང་སྟབས་བདེ་ཞིང་ཡོན་ཏན་ཆེ་བར་འདོད།དེའང་iPhoneགྱི་བཀོལ་སྤྱོད་ཀྱི་ནུས་པ་ནི་ཁྱེད་རང་ལ་ཅི་དགོས་པ་དེ་ཉིདAppleStoreཟེར་བ་ལས་ཕབ་ལེན་བྱ་ཆོག་ལ་དེར་རིན་མི་དགོས་པ་དང་རིན་དགོས་པའི་རིགས་གཉིས་ཡོད་པ་རེད། ཆེད་མཁས་པ་ལ་ལས་མཚམས་སྦྱོར་བྱས་པ་ལྟར་ན།iPhoneདུ་ཕབ་ལེན་བྱ་ཆོག་པའི་མཉེན་ཆས་འབུམ་གསུམ་ལ་ཉེ་བ་དང་། མ་འོངས་ཇེ་མང་དུ་འགྲོ་སྲིད། དེའི་གྲས་སུ་ཚགས་པར་དང་། བརྙན་འཕྲིན། ཉོ་ཚོང་། ཡུལ་སྐོར། འཕྲོད་བསྟེན། དཔེ་དེབ། གནམ་གཤིས། ཉིན་ཐོ། སློབ་གསོ།  ཚིག་མཛོད། རྩེད་མོ། ཁ་བརྡ། རྒྱུ་ཆ། པར་རིས། རོལ་མོ། ལོ་རྒྱུས། རོལ་ཆས། ལམ་འཁྲིད། གློག་བརྙན་སོགས་མེད་པ་ཞིག་མེད་ལ་ཐ་ན་ཟས་གཡོ་བསྐོལ་བྱེད་ཚུལ་དང་།འཁྲིག་པ་སྤྱོད་ཚུལ། བྱིས་པ་གཉོར་ཚུལ་སོགས་ཀྱི་མཉེན་ཆས་ཀྱང་ཡོད་པ་རེད། ད་ལྟ་ཨིན་ཡིག་དང་རྒྱ་ཡིག་གི་བོད་ཀྱི་རིག་གནས་སྐོར་གྱི་མཉེན་ཆས་མང་པོ་ཡོད་ནའང་བོད་ཡིག་གི་མཉེན་ཆས་གཅིག་ཀྱང་མི་འདུགདཔེར་ན་༼དུང་དཀར་ཚིག་མཛོད་ཆེན་མོ༽ལྟ་བུ་ཞིག་iPhoneདུ་སྤྱོད་ཐུབ་པ་ཞིག་བཟོས་ན་ཧ་ཅང་སྟབས་བདེ་བོ་ཡོད་པ་རེད། མདོར་དེད་ན་iPhoneཟེར་བ་དེ་ཁ་པར་ཙམ་ཁོ་ན་ཞིག་མ་ཡིན་པར། དེ་ནི་པར་ཆས་ཤིག་དང་། སྒྲ་ལེན་ཞིག དཔེ་མཛོད་ཁང་ཞིག རོལ་མོར་ཉན་བྱེད་ཅིག རྩིས་འཁོར་ཆུང་ཆུང་ཞིག་སོགས་ཀྱང་ཡིན་པ་རེད།  ང་རང་ལ་མཚོན་ན། ༢༠༠༧ལོརiPhoneཁ་པར་རབས་དང་པོ་ཁྲོམ་རར་དངོས་སུ་བཀྲམ་པའི་ལོ་རྗེས་མ་སྟེ། ༢༠༠༨ནས་བཟུང་ཀུ་ཤུའི་ཀུང་ཟིའི་ཐོན་རྫས་བེད་སྤྱད་པ་ཡིན་ལ། ད་ལྟ་དེ་ཉིད་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ལག་རོགས་ཤིག་ཏུ་གྱུར་ཡོད། ལྷག་པར་དུ་༼ཁམ་ཟམ་སློབ་ཆེན་གྱི་དབྱིན་ཡིག་ཚིག་མཛོད༽དང་། ༼རྒྱ་ཡིག་ཚིག་མཛོད་ཆེན་མོ༽ ༼ཝེ་ཁི་རིག་མཛོད་ཆེན་མོ༽སོགས་ཁ་པར་དུ་བེད་སྤྱད་པ་ནས་བཟུང་བདག་གིས་ཤོག་བུའི་ཚིག་མཛོད་བེད་སྤྱད་པ་མེད་ལ། ཤེས་བྱ་གང་ཞིག་མ་རྟོགས་པར་ཡུན་སུན་པའི་དུས་ནི་ཤིན་ཏུ་ཉུང་བར་གྱུར། དཔེར་ན་ང་རང་ཆེས་དགའ་སའི་དཔེ་ཀློག་གི་མཉེན་ཆསstanzaཟེར་བ་ཞིག་ཡོད་པ་དེའི་ནང་དཔེ་དེབ་སྟོང་ཕྲག་མང་པོ་ཕབ་ལེན་བྱ་ཆོག་པ་དང་ཁྲོམ་ར་སོགས་ནས་མི་མཐོང་བའི་དཔེ་ཆའང་རྙེད་རྒྱུ་འདུག ཡིན་ནའང་ཁ་པར་ནས་དཔེ་ཆ་ཀློག་པ་དེས་མིག་ལ་གནོད་པས་དགེ་མཚན་ཆེན་པོར་མ་མཐོང་།    ཐེངས་འདིར་མ་ལག་གསར་བ་བཟོས་པ་ནས་བཟུང་། iPhoneགྱི་བཀོལ་སྤྱོད་ཀྱི་ནུས་པ་སྔར་ལས་ཇེ་མང་དུ་གྱུར་ཡོད་དེ་ཧ་ལས་དགོས་པའི་ནུས་པ་ཞིག་ནི། གལ་སྲིད་ཁྱེད་ཀྱི་ཁ་པར་སེམས་ཆུང་མ་བྱས་པར་བོར་སྟོར་བྱུང་ཚེ། ཁྱེད་ཀྱིས་རྩིས་འཁོར་ལས་འཁོར་སྐར་བརྒྱུད་ནས་དེ་ཉིད་གང་དུ་ཡོད་པ་འཚོལ་ཆོག་པ་དང་། ཐག་རིང་ནས་དེ་ལ་ཁ་ལོ་སྒྱུར་མི་ཆོག་པར་བཟོས་ཆོག་ཅིང་གསང་བའི་ཡིག་ཆ་ཁག་བསུབ་ཐུབ་པར་མ་ཟད་རྐུན་མའམ་རྙེད་མཁན་ལ་བརྡ་འཕྲིན་ཡང་སྐུར་ཐུབ།  ད་ལྟའི་གནས་བབས་ལ་མཚོན་ན། རང་རེའི་སྤུན་ཟླ་ཚོརiPhoneབེད་སྤྱད་རྒྱུར་དཀའ་ངལ་ཆེན་པོ་ཡོད་ནའང་། རྗེས་མར་googleཀུང་ཟིའི་ཁ་པར་གྱི་མ་ལགAndoridདང་། nokiaསོགས་སུ་སྤྱོད་པའིSybain། ཕྲ་མཉེན་ཀུང་ཟིའི་windows phoneསོགས་སུ་འང་བོད་ཡིག་སྤྱོད་ཐུབ་པར་གྱུར་ཚེ་རིན་གོང་དམའ་བའི་ཁ་པར་དུའང་iPhoneབཞིན་བོད་ཡིག་སྤྱོད་ཐུབ་ཀྱི་རེད། གང་ལྟར་ཁ་པར་གྱི་ཀུང་ཟི་དག་གི་འགྲན་རྩོད་སྔར་ལས་ཆེ་བར་འགྱུར་བཞིན་པས་ཁོང་ཚོས་རང་གི་ཁེ་ཕན་གྱི་ཆེད་དུ་བོད་མི་ཚོའི་ཕྱོགས་སུ་མཛའ་བརྩེའི་ལག་ཟུང་བསྲིང་སྲིད་པ་ནི་ཆོས་ཉིད་དུ་སེམས་སོ།།༼ཕན་ཚུན་ལ་མང་དུ་བསྐུར་བ་དགེའོ༽

རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2013/6/29 བལྟ་ཀློག (4300)