གྲུབ་མཐའ་བཞི་བྱུང་ཚུལ།

       སྤྱིར་ནང་བ་དང་། ནང་བའི་གྲུབ་མཐའ་སྨྲ་བ་ཞེས་པ་ནི་མི་འདྲ་སྟེ་ནང་བ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཐམས་ཅད་ཡིན་ལ་ནང་བའི་གྲུབ་མཐའ་སྨྲ་བ་ལ་དེ་ཙམ་གྱིས་མི་ཆོག་པར་ནང་བའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་སྨྲ་བར་བྱེད་པའི་གང་ཟག་ལ་གོ་དགོས་ཏེ་གྲུབ་མཐའ་ཞེས་པ་ནི་རང་གི་བློ་ངོར་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ལུང་དང་རིགས་པས་གྲུབ་ཅིང་གྲུབ་པའི་མཐའ་སྟེ་མུ་དེ་ལས་འདའ་བ་མེད་པ་ལ་གྲུབ་མཐའ་ཟེར།སྤྱིར་གྲུབ་མཐའ་རེ་རེར་གྲུབ་མཐའ་སྨྲ་བ་ཡོད་ལ་ནང་བའི་གྲུབ་མཐའ་སྨྲ་བ་ནི་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པའི་གང་ཟག་ལ་ཟེར།ཕྱག་རྒྱ་བཞི་ནི་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་བདག་མེད་པ། མྱ་ངན་ལས་འདས་པ་ཐམས་ཅད་ཞི་བ་བཞི་ཡིན་ལ་འདི་བཞི་ནི་ནང་བའི་ལྟ་བ་ཐམས་ཅད་ཀྱི་སྡོམ་ལྟ་བུ་ཡིན་པས་ཆོས་ཀྱི་སྡོམ་བཞིའང་ཟེར་ལ་ནང་བ་བ་ཞིག་ཡིན་ཕྱིན་ལྟ་བ་འདི་བཞི་ངེས་པར་ཁས་ལེན་དགོས་སོ་ཞེས་སྟོན་པ་སངས་རྒྱས་ཀྱིས་བཀར་བཏགས་པ་སྟེ་བཀས་ཐག་བཅད་དེ་དེ་ལས་བདའ་མི་རུང་བར་ཕྱག་རྒྱ་བཏབ་པ་ཞེས་པའི་དོན་ནོ།། ནང་བའི་གྲུབ་མཐའ་སྨྲ་བ་ལ་བྱེ་བྲག་སྨྲ་བ་དང་མདོ་སྡེ་བ། སེམས་ཙམ་པ། དབུ་མ་བ་བཅས་ཡོད་ལ་དེ་དག་ལས་ལོགས་སུ་གྲུབ་མཐའ་ལྔ་བ་མེད་པར་བཞེད།དེ་དག་གི་ལོ་རྒྱུས་ཅུང་ཟད་བཤད་པ་ལ།

དང་བོ།བྱེ་བྲག་སྨྲ་བ་བྱུང་ཚུལ།

བྱེ་བྲག་སྨྲ་བ་ནི་སྟོན་པ་སངས་རྒྱས་ཀྱི་དུས་ནས་ཡོད་ཅིང་ཁོ་ཚོས་བདེན་བཞིའི་ཆོས་འཁོར་གྲུབ་མཐའི་ཁུངས་གཏུག་ས་ཡིན་ལ་ཁོ་ཚོའི་རང་གཞུང་ངོ་མ་ནི་མངོན་པ་སྡེ་བདུན་དང་བྱེ་བྲག་བཤད་མཚོ་ཆེན་པོ་གཉིས་ཡིན།མངོན་པ་སྡེ་བདུན་ནི་ཤཱ་རིའི་བུས་བརྩམས་པའི་ཆོས་ཀྱི་ཕུང་བོ། མོའུ་འགལ་བུས་བརྩམས་པའི་གདགས་པའི་བསྟན་བཅོས། དགྲ་བཅོམ་པ་ལྷ་སྐྱིད་ཀྱིས་མཛད་པའི་རྣམ་ཤེས་ཚོགས་དྲུག འཕགས་པ་ཀ་ཏྱའི་བུས་མཛད་པའི་ཡེ་ཤེས་ལ་འཇུག་པ།དགྲ་བཅོམ་པ་གང་བོས་མཛད་པའི་ཁམས་ཀྱི་ཚོགས།དབྱིག་བཤེས་ཀྱི་རབ་ཏུ་བཤད་པ། གསུས་བོ་ཆེས་མཛད་པའི་ཡང་འགྲོ་བའི་རྣམ་གྲངས་བཅས་ཡིན་ལ་བྱེ་བྲག་སྨྲ་བ་ཁོ་ཚོས་འདི་དག་སངས་རྒྱས་ཀྱི་བཀའ་ཡིན་ལ་དགྲ་བཅོམ་པ་དེ་དག་གིས་བསྡུས་པ་ལས་རྩོམ་པ་བོ་སྟོན་པ་སངས་རྒྱས་ཡིན་པར་ཁས་ལེན་ནོ།། བྱེ་བྲག་བཤད་མཚོ་ཆེན་པོ་ནི་སྟོན་པ་མྱ་ངན་ལས་འདས་པའི་ཕྱི་ལོའི་དབྱར་ཁར་དགྲ་བཅོམ་པ་ལྔ་བརྒྱ་གསང་བའི་བྲག་ཕུག་ཅེས་བྱ་བར་ཆོས་བསྡུ་བ་ལ་འདུས་པའི་དུས་སུ་བརྩམས་པའི་བྱེ་བྲག་བཤད་པ་ཆེན་མོའི་མཛོད་ཞེས་བྱ་བ་ཤོ་ལོ་ཀ་འབུམ་ཡོད་པ། བྱེ་བྲག་སྨྲ་བའི་གཞུང་ཞིབ་རྒྱས་སུ་སྟོན་པ་ཞིག་ཡིན། དེའི་རྗེས་སུ་འབྲངས་ནས་གྲུབ་མཐའ་སྨྲ་བས་ན་བྱེ་བྲག་སྨྲ་བ་ཟེར་སྲོལ་ཞིག་དང་དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་སྨྲས་པས་བྱེ་བྲག་སྨྲ་བ་ཟེར་བའི་སྲོལ་གཉིས་ཡོད།

 བྱེ་བྲག་སྨྲ་བའི་སློབ་དཔོན་གྲགས་ཆེ་བ་ནི་དབྱིག་བཤེས་དང་ཆོས་སྐྱོབ།སངས་རྒྱས་ལྷ། འདུས་བཟང་སོགས་ཡིན་ལ་དེ་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་དྲུག་ལོན་པ་ན་མཁན་པོ་དགྲ་བཅོམ་པ་འོད་སྲུངས་ཆེན་པོ་ནས་བརྒྱུད་པར་ཕལ་ཆེན་སྡེ་བ་ཟེར་ཏེ་དགེ་འདུན་ཕལ་ཆེ་བ་འདུས་པས་ན་ཕལ་ཆེན།ཉེ་བར་འཁོར་ནས་བརྒྱུད་པ་ལ་མང་བཀུར་སྡེ་བ་ཟེར་ཏེ་སྐྱེ་བོ་མང་བོས་བཀུར་བའི་སློབ་དཔོན་གྱི་ལུགས་སྟོན་པས་མང་བོ་བཀུར་བ།དགྲ་གཅན་འཛིན་ལས་བརྒྱུད་པ་ལ་གཞི་ཐམས་ཅད་ཡོད་པར་སྨྲ་བ་ཟེར་ཏེ་ཡ་རབས་ལས་འཇིག་རྟེན་པའི་ཆོས་འབྱུང་བཞིན་དུ་སྡེ་བ་གཞན་གྱི་ཆོས་ལུགས་འབྱུང་བའི་གཞི་ཡིན་པས་སོ།། ཀཱ་ཏྱཱ་ཡ་ན་ནས་བརྒྱུད་པ་གནས་བརྟན་འཕགས་པའི་རིགས་ཡིན་པར་སྨྲ་བས་ན་གནས་བརྟན་སྡེ་བ་ཟེར།

སྡེ་བ་བཞི་བོར་རྒྱས་པར་ཕྱེ་ན་བཅོ་བརྒྱད་དུ་འགྱུར་ཏེ། ཕལ་ཆེལ་པ་ལས་གྱེས་པ་ལ་ཤར་རིར་གནས་པ། ནུབ་རིར་གནས་པ། གངས་རིར་གནས་པ། འཇིག་རྟེན་ལས་འདས་པར་སྨྲ་བ།བཏགས་པར་སྨྲ་བའི་སྡེ་སྟེ་ལྔ་ཡོད་ལ་སྔ་མ་གསུམ་ནི་གནས་ཀྱི་སྒོ་ནས་བཏགས་པ་ཡིན་ལ་སངས་རྒྱས་འཇིག་རྟེན་པའི་ཆོས་ལས་འདས་པ་སྟེ་མི་མངའ་བས་ན་འཇིག་རྟེན་ལས་འདས་པར་སྨྲ་བ་དང་།འདུས་བྱས་ཕན་ཚུན་བརྟགས་པའམ་བཏགས་པ་སྡུག་བསྔལ་གྱི་རྒྱུ་སྨྲ་བས་བཏགས་སྨྲ་བའི་སྡེ་ཟེར།

གཞི་ཐམས་ཅད་ཡོད་པར་སྨྲ་བ་ལས་འོད་སྲུང་སྡེ། ས་སྟོན་སྡེ། ཆོས་སྲུང་སྡེ། མང་ཐོས་པ། གོས་དམར་སློབ་མ་བ། རྣམ་པར་ཕྱེ་བ། གཞི་ཀུན་པ་སྟེ།ཐམས་ཅད་ཡོད་སྨྲ་དང་བདུན་གྱེས་ཏེ་འོད་སྲུང་སློབ་དཔོན་དུ་ཁས་ལེན་པས་ན་འོད་སྲུང་བ། མང་ཐོས་སློབ་དཔོན་ལ་བརྟེན་པས་མང་ཐོས་པ།ཟངས་མའི་གླེགས་བམ་ལ་སྡེ་སྣོད་གསུམ་འབྲི་བས་ན་གོས་དམར་སྡེ་བ། འདས་པའི་ལས་ལ་ཡོད་མེད་འབྲས་བུ་མྱོང་མ་མྱོང་སྒོས་ཕྱེ་སྟེ་སྨྲ་བས་རྣམ་པར་ཕྱེ་སྟེ་སྨྲ་བ།གནས་བརྟན་པ་ལས་གྱེས་པ་ལས། རྒྱལ་ཚལ་གནས་པ། འཇིག་མེད་གནས་པ། གཙུག་ལག་ཁང་དུ་གནས་པ་སྟེ་གསུམ་གྱེས་པ་ནི་ཡུལ་གྱི་སྒོ་ནས་ཕྱེ་བའོ།།

མང་བོ་བཀུར་བ་ལས་ས་སྒྲོག་རི་དང་། སྲུང་བ་བ། གནས་མ་བུའི་སྡེ་སྟེ་གསུམ་གྱེས་ཤིང་ཀུ་རུ་ཀུའི་ཕུག་པར་གནས་པས་ས་སྒྲོག་རི་དང་། སློབ་དཔོན་སྲུང་བ་བའི་རྗེས་སུ་འབྲང་བས་སྲུང་བ་བ།གནས་པའི་རིགས་ཀྱི་བུད་མེད་ནི་གནས་མ་ཡིན་དེའི་བུ་ཡིན་པས་གནས་མའི་བུ་དང་དེའི་རིགས་ཡིན་པར་སྟོན་པས་ན་གནས་མའི་བུ་ཟེར་རོ།། དེ་དག་ནི་གནས་དང་སློབ་དཔོན། ཡུལ་སོགས་ཀྱིས་བཏགས་ཤིང་སྡེ་བ་བཅོ་བརྒྱད་ངོས་འཛིན་ལ་ལུགས་མི་འདྲ་བ་ཡོད་ཀྱང་འདི་ནི་སློབ་དཔོན་དུལ་བ་ལྷའི་བཞེད་པ་བཞིན་བཀོད་པ་ཡིན་ནོ།།

གཉིས་པ། མདོ་སྡེ་བ་བྱུང་ཚུལ། 

མདོ་སྡེ་བ་ཡང་བྱེ་བྲག་སྨྲ་བ་བཞིན་སྟོན་པའི་དུས་ནས་བྱུང་ལ་ཁོ་རྣམས་ཀྱི་གྲུབ་མཐའི་བརྟེན་ས་ཡང་འཁོར་ལོ་དང་བོ་བདེན་བཞིའི་ཆོས་འཁོར་ཡིན། སྟོན་པ་མྱ་ངན་ལས་འདས་རྗེས་སློབ་དཔོན་ཀུ་མ་ཏ་དང་ཤི་ར་ར་ཏ།བཙུན་པ་ར་ཏ་སོགས་ས་དར་རྒྱས་སུ་བཏང་རུང་བྱེ་བྲག་སྨྲ་བ་ལྟ་བུའི་དར་ཁྱབ་མ་བྱུང་བ་འདྲ་སྟེ་མདོ་སྡེ་བའི་གྲུབ་མཐའི་བསྟན་བཅོས་ཤིག་བོད་དུ་མ་འགྱུར་ཞིང་འདོད་པ་ཕལ་ཆེར་མཛོད་རང་འགྲེལ་དང་འགྲེལ་བཤད།ཀུན་བཏུས་རྩ་འགྲེལ། ཚད་མའི་རྩ་འགྲེལ་དག་ལས་འབྱུང་།

 མདོ་སྡེ་བ་དང་དཔེ་སྟོན་པ་གཉིས་དོན་གཅིག་ཡིན་ཏེ་མདོ་སྡེའི་རྗེས་སུ་འབྲངས་ནས་གྲུབ་མཐའ་སྨྲ་བས་ན་མདོ་སྡེ་བ་དང་དཔེས་སྟོན་པ་ལ་མཁས་པས་ན་དཔེ་སྟོན་པ་ཟེར་ཏེ་དབྱེ་ན་རིགས་པའི་རྗེས་འབྲང་གི་མདོ་སྡེ་བ་དང་། ལུང་གི་རྗེས་འབྲང་གི་མདོ་སྡེ་བ་གཉིས་ཏེ་ཚད་མ་སྡེ་བདུན་གྱི་རྗེས་འབྲང་གིས་རིགས་པས་དཔྱད་དེ་ཆོས་ཐམས་ཅད་གཏན་ལ་ཕབས་ཏེ་གྲུབ་མཐའ་སྨྲ་བས་རིགས་པའི་རྗེས་འབྲང་དང་མངོན་པ་སྡེ་བདུན་གྱི་རྗེས་འབྲང་གིས་མདོ་སྡེ་ལས་ཇི་ལྟར་བྱུང་བ་བཞིན་སྒྲ་ཇི་བཞིན་པར་ཁས་ལེན་པས་ན་ལུང་གི་རྗེས་འབྲང་གི་མདོ་སྡེ་བ་ཞེས་ཟེར་རོ།།

གསུམ་པ། སེམས་ཙམ་པའི་བྱུང་ཚུལ།

སེམས་ཙམ་པའི་གྲུབ་མཐའ་ནི་སྟོན་པ་སངས་རྒྱས་ཀྱི་དུས་ཡོད་ནའང་སྟོན་པ་མྱ་ངན་ལས་འདས་ནས་ཡུན་རིང་བོ་ཞིག་ཏུ་ནུབ་པར་གྱུར།ཕལ་ཆེར་སྟོན་པ་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་ཙམ་ན་སློབ་དཔོན་ཐོགས་མེད་བྱོན་ཅིང་དེས་རྗེ་བཙུན་བྱམས་པ་བསྟེན་ཏེ་དེ་ལས་ཡུམ་གྱི་མདོ་དང་བྱམས་ཆོས་སྡེ་ལྔ་གསན་ཏེ། ས་སྡེ་ལྔ་དང་སྡོམ་པ་རྣམ་གཉིས་མཛད་ནས་སེམས་ཙམ་པའི་ཤིང་རྟའི་སྲོལ་ཕྱེས་པ་ནས་དར་རྒྱས་སུ་ཕྱིན།

སེམས་ཙམ་པ་ཞེས་པ་ནི་ཆོས་ཐམས་ཅད་སེམས་ལ་བརྟེན་ནས་གྲུབ་ཅིང་སེམས་ཀྱི་བདག་ཉིད་དུ་གྲུབ་པར་ཁས་ལེན་པས་ན་སེམས་ཙམ་པ་ཟེར།གྲུབ་མཐའ་འདི་ནི་འཁོར་ལོ་གསུམ་པ་མདོ་སྡེ་ད

གོངས་འགྲེལ་ལ་བརྟེན་ནས་བྱུང་། སེམས་ཙམ་པ་ལ་དབྱེ་ན་དབང་ཤེས་ལ་རགས་པ་སྣང་བ་སྣང་བ་ལྟར་གྲུབ་པར་འདོད་པའི་རྣམ་བདེན་པ་དང་དེ་ལྟར་མ་གྲུབ་པར་འདོད་པའི་སེམས་ཙམ་རྣམ་བརྫུན་པ་གཉིས་ཡོད་ལ་རྣམ་བདེན་པ་ལ་ཡང་ཁྲ་བོ་འཛིན་པའི་མིག་ཤེས་ཀྱིས་ཁྲ་བོ་ལ་བལྟས་པའི་ཚེ་ཁྲ་བོའི་སྟེང་གི་སྔོ་སེར་སོགས་ཀྱི་གྲངས་དང་མཉམ་པའི་རྣམ་ཤེས་རིགས་མཐུན་པའམ་རིགས་འདྲ་མང་བོ་མཉམ་དུ་སྐྱེས་པར་འདོད་པའི་གཟུང་འཛིན་གྲངས་མཉམ་པ་དང་སྔོན་པོ་དང་སྔོ་འཛིན་མིག་ཤེས་གཉིས་གྲུབ་དུས་སྔ་ཕྱི་ཡིན་ཀྱང་མིག་ཤེས་ཀྱིས་འཛིན་དུས་རྫས་གཅིག་ཏུ་ཁས་ལེན་པའི་སྒོ་ང

་ཕྱེད་ཚལ་བ་དང་། ཁྲ་བོ་འཛིན་པའི་མིག་ཤེས་ཀྱིས་རང་ཡུལ་ལ་བལྟས་པའི་ཚེ་ཡུལ་གྱི་སྟེང་གི་སྔོ་སེར་སོགས་ཀྱི་གྲངས་དང་མཉམ་པའི་ཤེས་པ་རིགས་འདྲ་མང་བོ་མཉམ་དུ་མི་སྐྱེས་པར་ཁྲ་བོ་འཛིན་པའི་མིག་ཤེས་གཅིག་སྐྱེས་ཏེ་དེ་ཁྲ་བོའི་སྟེང་གི་སྔོ་སེར་སོགས་འཛིན་པའི་དབང་ཤེས་ཡིན་པས་ཁས་ལེན་པའི་སྣ་ཚོགས་གཉིས་མེད་པ་དང་གསུམ་ཡོད་ལ།རྣམ་བརྫུན་པ་ལ་དབྱེ་ན་སེམས་ཀྱི་ངོ་བོ་མ་རིག་པའི་བག་ཆགས་ཀྱིས་བསླད་པར་འདོད་པའི་དྲི་བཅས་པ་དང་སེམས་ཀྱི་ངོ་བོ་མ་རིག་པས་ཅུང་ཟད་ཀྱང་མ་བསླད་པར་འདོད་པའི་དྲི་མ་མེད་པ་དང་གཉིས་ཡོད་ལ་ཡང་སེམས་ཙམ་པ་ལ་ས་སྡེ་ལྔའི་རྗེས་སུ་འབྲངས་པའི་ལུང་གི་རྗེས་འབྲང་གི་སེམས་ཙམ་པ་དང་།ཚད་མ་སྡེ་བདུན་གྱི་རྗེས་སུ་འབྲང་བའི་རིགས་པའི་རྗེས་འབྲང་གི་སེམས་ཙམ་པ་གཉིས་སུ་དབྱེ་སྲོལ་ཡང་ཡོད།དེ་ནས་རིམ་བཞིན་དབྱིག་གཉེན་དང་སློབ་དཔོན་ཕྱོགས་གླང་། སློབ་དཔོན་ཆོས་གྲགས་སོགས་ཀྱིས་སྤེལ་ཏེ་རྒྱ་ཆེར་དར་རོ། །

བཞི་བ། དབུ་མ་བའི་གྲུབ་མཐའ་བྱུང་ཚུལ།དབུ་མ་ནི་སྟོན་པ་སངས་རྒྱས་ཀྱི་དུས་ནས་བྱུང་ནའང་དེ་འདྲ་དར་རྒྱས་མ་བྱུང་ལ་སྟོན་པ་མྱ་ངན་ལས་འདས་རྗེས་མི་རེ་འགས་ཉམས་སུ་ལེན་པ་ལས་ཡོངས་སུ་དར་ཁྱབ་མེད། སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་སློབ་དཔོན་ཀླུ་སྒྲུབ་བྱོན་ཏེ་ཆོས་སྒྲ་ལན་གསུམ་བསྒྲགས།སྟོང་ཉིད་ལུང་གིས་བསྒྲུབ་པར་མདོ་ཀུན་ལས་བཏུས་པ་དང་རིགས་པས་བསྒྲུབ་པར་དབུ་མ་རིགས་ཚོགས་དྲུག་བརྩམས་ཏེ་དབུ་མ་བའི་ཤིང་རྟའི་སྲོལ་ཕྱེས།དབུ་མ་བ་ཞེས་པ་ནི་རྟག་མཐའ་སྟེ་སྒྲོ་འདོགས་པའི་མཐའ་དང་ཆད་མཐའ་སྟེ་སྐུར་བ་འདེབས་པའི་མཐའ་གཉིས་དང་བྲལ་བའི་དབུས་ཁས་ལེན་པས་ན་དབུ་མ་བ་ཟེར།དེའི་གྲུབ་མཐའི་ཁུངས་གཏུག་ས་ནི་འཁོར་ལོ་བར་བ་ངོ་བོ་ཉིད་མེད་པའི་ཆོས་འཁོར་ཡིན།

 དབུ་མ་བའི་ལྟ་བའི་ཆའམ་ཟབ་མོ་སྟོང་ཉིད་ཀྱི་རྣམ་གཞག་གསལ་བོར་བཤད་པ་ནི་རིགས་ཚོགས་དྲུག་དང་། སྤྱོད་པའི་ཆ་སྟེ་རྒྱ་ཆེ་བ་ལམ་གྱི་རྣམ་གཞག་ནི་རྗེ་བཙུན་བྱམས་པས་མངོན་རྟོགས་རྒྱན་དུ་གསལ་བར་བཤད་པས་སྔ་མར་དངོས་བསྟན་སྟོང་ཉིད་ཀྱི་ཤིང་རྟའི་སྲོལ་འབྱེད་དང་། ཕྱི་མར་སྦས་དོན་མངོན་རྟོགས་ཀྱི་ཤིང་རྟའི་སྲོལ་འབྱེད་ཟེར། དངོས་བསྟན་སྟོང་ཉིད་ཅེས་པའང་ཤེར་མདོ་ལས་དངོས་སུ་བཤད་པས་དངོས་བསྟན་དང་རྒྱ་ཆེ་བའི་ལམ་གྱི་རིམ་པ་དག་ཤུགས་བསྟན་ནམ་སྦས་པའི་ཚུལ་གྱིས་བཤད་པས་སྦས་དོན་ཟེར།

སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་དབུ་མ་རྩ་ཤེའི་འགྲེལ་བ་བུདྡྷ་པཱ་ལི་ཏ་སྟེ་འགྲེལ་བ་སངས་རྒྱས་བསྐྱངས་བརྩམས་ཏེ་ཐལ་འགྱུར་བའི་ཤིང་རྟའི་སྲོལ་ཕྱེས། དེ་ལས་རྩ་ཤེ་ནས་བཤད་པའི་རིགས་པ་དག་གི་དོན་ཐལ་འགྱུར་མང་བོ་མཛད་ནས་དོན་བཀྲལ་ཞིང་རང་ངོས་ནས་གྲུབ་པའི་སྦྱོར་བ་སྟེ་རང་རྒྱུད་ཀྱི་སྦྱོར་བ་མ་བཤད་པ་ལ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རྩ་ཤེའི་འགྲེལ་བ་ཤེས་རབ་སྒྲོན་མེ་ཞེས་པ་བརྩམས་ཏེ་སངས་རྒྱས་བསྐྱངས་ལ་སྐྱོན་མང་དུ་བརྗོད་ཅིང་དབུ་མ་བས་རང་རྒྱུད་ཀྱི་གཏན་ཚིགས་འགོད་དགོས་པའི་རྒྱུ་མཚན་མང་དུ་བཤད་ནས་རང་རྒྱུད་པའི་ཤིང་རྟའི་སྲོལ་དང་མདོ་སྡེ་སྤྱོད་པའི་ཤིང་རྟའི་སྲོལ་གཉིས་མཉམ་དུ་ཕྱེས། ཟླ་གྲགས་ཀྱིས་དབུ་མ་འཇུག་པ་དང་རྩ་ཤེའི་འགྲེལ་བ་ཚིགས་གསལ་གཉིས་བརྩམས་ཏེ་སངས་རྒྱས་བསྐྱངས་ལ་སྐྱོན་དེ་རྣམས་མི་འཇུག་པ་དང་རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་པ་ལ་གནོད་བྱེད་དང་མི་ལེན་པ་ལ་སྒྲུབ་བྱེད་མང་དུ་བསྟན་ནས་རྩ་ཤེའི་དགོངས་པ་ཐལ་འགྱུར་དུ་བཀྲལ་ནས་ཐལ་འགྱུར་བའི་ཤིང་རྟའི་སྲོལ་རྒྱ་ཆེར་བཀྲལ། དེ་རྗེས་སློབ་དཔོན་ཞི་འཚོས་དབུ་མ་རྒྱན་ལས་གཞིའི་རྣམ་བཞག་སེམས་ཙམ་དང་མཐུན་པའི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་ཕྱེས།

སློབ་དཔོན་ཀླུ་སྒྲུབ་དང་དེའི་དངོས་སློབ་འཕགས་པ་ལྷའམ་ཨ་ཡ་དེ་བ་གཉིས་ཀྱི་དགོངས་པ་མཐར་ཐུག་ཐལ་འགྱུར་བ་ཡིན་ཡང་ཁོ་གཉིས་ཀྱིས་བརྩམས་པའི་བསྟན་བཅོས་སུ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་འདོད་ཚུལ་གསལ་བར་མ་བཤད་ཅིང་ཐལ་རང་གཉིས་ཀའི་སྤྱི་ལ་བཞུགས་པས་ཕྱི་མོའི་དབུ་མ་བ་ཟེར།སངས་རྒྱས་བསྐྱངས་དང་ཟླ་གྲགས་སོགས་ཐལ་རང་སོ་སོར་འགྲེལ་བ་རྣམས་ལ་ཕྱོགས་འཛིན་པའི་དབུ་མ་བ་ཟེར། སློབ་དཔོན་ཤཱཀྱ་བཤེས་གཉེན་དང་ཀླུའི་བྱང་ཆུབ།རིག་པའི་ཁུ་བྱུག་སོགས་ཕྱོགས་མི་འཛིན་པའི་དབུ་མ་བ་ཟེར་རོ། ། ཐལ་འགྱུར་ཙམ་གྱིས་ཕྱི་རྒོལ་གྱི་རྒྱུད་ལ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་བསྐྱེད་པར་འདོད་པས་ན་ཐལ་འགྱུར་བ་དང་།ཚུལ་གསུམ་རང་ངོས་ནས་གྲུབ་པའི་རྟགས་ཡང་དག་ལ་བརྟེན་ནས་བསྒྲུབ་བྱ་བདེན་དངོས་འགོག་པས་ན་དབུ་མ་རང་རྒྱུད་པ་ཟེར།

  སློབ་དཔོན་ཞི་འཚོས་དབུ་མ་རྒྱན་དང་སློབ་དཔོན་ཡེ་ཤེས་སྙིང་བོས་དབུ་མ་བདེན་གཉིས། ཀ་མ་ལ་ཤཱི་ལས་དབུ་མ་སྣང་བ་མཛད་ཅིང་དེ་གསུམ་ལ་རང་རྒྱུད་ཤར་གསུམ་དུ་གྲགས།གཞིའི་རྣམ་བཞག་མདོ་སྡེ་བ་དང་མཐུན་པར་ཁས་ལེན་པས་ན་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་གཞིའི་རྣམ་བཞག་སེམས་ཙམ་པ་དང་མཐུན་པར་ཁས་ལེན་པས་ན་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ཟེར་ཏེ་རྣལ་འབྱོར་ནི་སེམས་ཀྱི་མིང་ཡིན་ནོ།།རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ལ་ཡང་རྣམ་བདེན་དང་མཐུན་པའི་དབུ་མ་བ་ནི་སློབ་དཔོན་ཞི་འཚོ་དང་། ཀ་མ་ལ་ཤཱི་ལ་དང་།འཕགས་པ་གྲོལ་སྡེ་ལྟ་བུ་ཡིན་ལ་རྣམ་བརྫུན་པ་དང་མཐུན་པའི་དབུ་མ་བ་ནི་སློབ་དཔོན་སེང་གེ་བཟང་བོ་དང་ཛེ་ཏཱ་རི། ལྭ་བ་བ་ལྟ་བུ་སྟེ་ཛེ་ཏཱ་རི་ནི་རྣམ་རྫུན་དྲི་བཅས་པ་དང་མཐུན་ལ་ལྭ་བ་བ་ནི་རྣམ་བརྫུན་དྲི་མེད་དང་མཐུན་པར་བཤད་ཅིང་དེ་ལྟར་དབུ་མ་བའི་གྲུབ་མཐའ་འདི་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པའི་སྐུ་དྲིན་ལས་སྔོན་འཕགས་པའི་ཡུལ་དུ་དར་རྒྱས་ཤིན་ཏུ་ཆེ་བར་བྱུང་ངོ་།།

ལྔ་བ། གསང་སྔགས་བྱུང་ཚུལ།

   གསང་སྔགས་ནི་སྟོན་པ་སངས་རྒྱས་ཀྱིས་ཤེར་ཕྱིན་གསུངས་པའི་ཕྱི་ལོར་ཨུ་རྒྱན་དུ་རྒྱལ་བོ་ཨིན་དྲ་བྷི་ཏི་བྱ་བས་བཀུར་ཏེ་བདག་ཅག་རབ་ཏུ་བྱུང་མི་ནུས་པས་འདོད་ཡོན་ལྔ་མ་སྤངས་པར་ཐར་བ་འཐོབ་ཐུབ་པའི་ཐབས་ཤིག་བསྟན་དུ་གསོལ་ཞེས་ཞུས་པ་བཞིན་གསང་བ་འདུས་པའི་དབང་དང་རྒྱ་གར་ལྷོ་ཕྱོགས་ཀྱི་དཔལ་ལྡན་འབྲས་དཀར་སྤུངས་པར་རྒྱལ་བོ་ཟླ་བ་བཟང་བོ་འཁོར་བཅས་ལ་དུས་ཀྱི་འཁོར་ལོ་སོགས་གདུལ་བྱ་ཐུན་མོང་མ་ཡིན་པར་གསང་སྔགས་ཀྱི་ཆོས་མང་དུ་གསུངས།སྟོན་པ་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་ན་སློབ་དཔོན་ས་ར་ཧ་དང་སློབ་དཔོན་ཀླུ་སྒྲུབ་སོགས་ཀྱིས་རྒྱས་པར་བྱས་པ་ལ་བརྟེན་ནས་རིམ་བཞིན་དར་ཞིང་རྒྱས་པ་བྱུང་སྟེ་བོད་ཡུལ་སོགས་ལ་དར་བ་ཡིན་ཞིང་།གསང་སྔགས་ཞེས་པ་ནི་གདུལ་བྱ་སྣོད་རུང་མིན་པ་ལ་གསང་སྟེ་ཉམས་སུ་བཞེས་པ་ན་དངོས་གྲུབ་འབྱུང་བ་ཡིན་པས་སྔོན་སློབ་དཔོན་དག་གིས་གདུལ་བྱ་ལ་ཆིག་བརྒྱུད་དུ་གནང་སྟེ་ཉམས་སུ་བཞེས་པ་ལས་ཡོངས་ཁྱབ་ཏུ་སྤེལ་བ་མིན་མོད།ད་ལྟ་སྲོལ་དེ་ཞིག་སྟེ་ཡོངས་ཁྱབ་དུ་སྤེལ་བའི་སྲོལ་འདི་བྱུང་བ་ཡིན་ནོ། །

     གོང་དུ་བཤད་པའི་བྱེ་བྲག་སྨྲ་བ་དང་མདོ་སྡེ་བ་གཉིས་ཀྱི་ཐེག་པ་དམན་པའི་སྡེ་སྣོད་དེ་གདུལ་བྱ་རང་བཞིན་གྱི་བློ་དམན་པ་ཉན་རང་ལ་གཙོ་བོར་གསུངས་པའི་སྟོན་པའི་གསུང་རབ་ལ་བརྟེན་ནས་གྲུབ་མཐའ་སྨྲ་བས་ཐེག་དམན་གྱི་གྲུབ་མཐའ་སྨྲ་བ་དང་སེམས་ཙམ་པ་དང་དབུ་མ་བ་གཉིས་ནི་གདུལ་བྱ་རང་བཞིན་གྱི་བློ་རྣོ་ཞིང་སེམས་རྒྱ་ཆེ་བའི་བྱང་ཆུབ་སེམས་དཔའ་ལ་གསུངས་པའི་སྟོན་པའི་གསུང་རབ་གྱི་རྗེས་སུ་འབྲངས་པས་ན་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་ཟེར་ཏེ་ཐེག་པ་ནི་སེམས་པའམ་རྟོགས་པའི་ཡོན་ཏན་ལ་གོ་དགོས་པས་ཐེག་པ་ཆེ་ཆུང་སེམས་རྒྱ་ཆེ་ཆུང་ལ་ཟེར་ཏེ་ཉན་རང་གིས་རང་དོན་གཙོ་བོར་དོན་དུ་གཉེར་བས་སེམས་པ་རྒྱ་ཆུང་ལ་བྱང་ཆུབ་སེམས་དཔས་གཞན་དོན་གཙོ་བོར་གཉེར་བའི་སེམས་རྒྱ་ཆེ་བ་ཡིན་ནོ།། བྱེ་མདོ་གཉིས་ནི་སྟོན་པའི་དུས་ནས་དར་རྒྱས་སོང་བས་ཤིང་རྟའི་སྲོལ་འབྱེད་ལ་མི་འཇོག་ལ་ཤིང་རྟའི་སྲོལ་ཞེས་པ་བཤད་སྲོལ་ཙམ་ཡོད་པས་མི་ཆོག་པར་ཤིང་རྟ་འགྲོ་ས་ལྟ་བུ་སྲོལ་ཞིག་ཕྱེས་པ་ལ་ཤིང་རྟའི་སྲོལ་འབྱེད་དུ་གྲགས་པ་ཡིན་ནོ།།གྲུབ་མཐའ་བཞི་བོ་སྐས་ཀྱི་རིམ་པ་ལྟར་དམའ་ས་ནས་མཐོ་སར་འགྲོ་བྱེད་ཡིན་ཏེ་གྲུབ་མཐའ་འོག་མ་འོག་མ་ནི་གོང་མ་གོང་མ་རྟོགས་བྱེད་ཀྱི་རྨང་གཞི་ལྟ་བུ་ཡིན་ལ་དེ་ལྟར་བཞིར་བཤད་དོན་ཡང་གདུལ་བྱའི་བློ་ཁ་མཆོག་དམན་གྱི་དབང་གིས་ཡིན་པས་བྱེ་བྲག་སྨྲ་བའི་བཤད་པའི་གནས་ལུགས་ཤེས་དཀའ་བ་ཞིག་ལ་ཐལ་འགྱུར་བས་བཤད་པའི་གནས་ལུགས་བཤད་ན་ཤེས་ཐབས་མེད་པ་བཞིན་ནོ།། གྲུབ་མཐའ་སྨྲ་བའི་ཡང་རྩེ་ནི་དཔལ་ཐལ་འགྱུར་བ་ཡིན་ལ་གསང་སྔགས་ནི་ཐལ་འགྱུར་བའི་ཁོངས་སུ་གཏོགས་པ་ཡིན་ནོ། །


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2013/7/8 བལྟ་ཀློག (21369)