དྲི་བ་འདོན་མཁན་དྲྭ་གྲོགས་འགའ།
ལན་འདེབས་མཁན་བཙན་པོའི་མགར་གྱི་དྲ་བ།
༡༠ དྲི་བ། ད་སྐབས་མགར་གྱི་རུས་ཚན་མདོ་དབུས་ཁམས་གསུམ་ན་ཡོད་དམ།
ལན། མདོ་དབུས་ཁམས་གསུམ་ན་མགར་གྱི་རུས་ཚན་ཡོད་ནི་རེད། མིག་སྔར་བོད་མདོ་དབུས་ཁམས་གསུམ་ནས་རྩད་ཆོད་པ་ཡིན་ན་མགར་གྱི་ཚོ་ཁག་བརྒྱད་ཅུ་ལྷག་དང་དུད་ཁྱིམ་ཁྲི་གཉིས་ལྷག་ཡོད། དཔེར་བཞག་ན་སྡེར་ནང་མགར་སྐོར། ཁང་སར་མགར་སྐོར། དབུས་གཙང་མགར་སྐོར། ནག་ཆུའི་མགར་སྐོར། ཨ་མདོ་རྫོང་གི་དཔའ་མཛངས་དམག་སྤྱི་མགར་བུ་དབང་རྣམ་གྱི་ཉེ་འབྲེལ། རྨ་སྟོད་མགར་སྐོར། རྨ་ཉིན་མགར་སྐོར། རྡོ་ཁོག་མགར་སྐོར། པད་ཡག་མགར་སྐོར། བར་བཞིའི་མགར་སྐོར། འཛི་རུང་མགར་སྐོར། གསར་སྐོར་མགར་སྐོར། ལྷ་སྡེའི་མགར་སྐོར། རྡོ་སྟོད་མགར་སྐོར། དར་ལག་དྲུག་ཤོག་མགར་སྐོར། མཛོད་དགེའི་མགར་སྐོར། རྟ་བོར་མགར་སྐོར། ཧོར་སྐོར་མགར་སྐོར། གཙང་ཞོལ་མགར་སྐོར། སྨིན་ཐང་མགར་སྐོར། གངས་ལུང་མགར་སྐོར། འབོས་ལམ་མགར་སྐོར། རྡུལ་གནས་མགར་སྐོར། ཉི་སའི་མགར་སྐོར། ལུག་རྭ (ཡང་ཁྲང)་མགར་སྐོར། པེ་ཡུལ་མགར་སྐོར། དམག་གི་ཕྱུགས་རྭ(མོས་ཁྲང་)མགར་སྐོར། རྟ་རྭ(མཱ་ཁྲང་)མགར་སྐོར། ཁང་རྒན་མགར་སྐོར། ཁྲོ་ཁོ་སྟོད་མའི་མགར་སྐོར། ཁྲོ་ཁོ་སྨད་མའི་མགར་སྐོར། ཁྲོ་ཁོ་གོང་མའི་མགར་སྐོར། རྫ་སྐད་བོན་པོ་རྫ་སྲུབ་མའི་མགར་སྐོར། རྔ་བའི་མགར་སྐོར། གསེར་རྟའི་མགར་སྐོར། འབོས་སྤ་གོང་འོག་བར་གསུམ་གྱི་མགར་སྐོར། དབང་ཆེན་གསང་རིའི་མགར་སྐོར། དབང་ཆེན་དཔོན་སྐོར་མགར་སྐོར། ཤ་ཚང་མགར་སྐོར། ཆོས་རུང་མགར་སྐོར། ཤོ་དགུའི་མགར་སྐོར། ཀིརྟིའི་མགར་སྐོར། ཁམས་སྡེ་དགེའི་གླིང་ཚང་མགར་སྐོར། ཧོར་བྲག་མགར་སྐོར། ཡུལ་ཤུལ་མགར་སྐོར། ཆུ་མར་ལེབ་ཀྱི་མགར་སྐོར། ཁྲི་འདུ་རྫོང་གི་མགར་སྐོར། རྫ་ཆུའི་མགར་སྐོར། ཁྲི་ཁའི་མགར་སྐོར། ཐང་སྐོར་མགར་སྐོར། དམར་ཐང་མགར་སྐོར། ཐུན་ཏེ་མགར་སྐོར། རྩེ་ཁོག་མགར་སྐོར།
རེབ་གོང་མགར་སྐོར། ཨ་རིག་མགར་སྐོར། མཚོ་སྔོན་པོའི་མགར་སྐོར། དམར་ཐང་མགར་སྐོར། མགར་རྩེ་ཚོ་ཁག་བཅོ་བརྒྱད་སོགས་རེ་རེ་ནས་བགྲང་ལས་འདས་པ་ཡོད་པས་ཡིག་ཚོགས་སྐྱུང་ཕྱིར་དེ་ཙམ་གྱིས་འཐུས་པར་བྱའོ།།
༡༡ དྲི་བ། མགར་གྱི་མི་རྒྱུད་སྤྱིའི་ཆ་ནས་ག་འདྲ་ཞིག་ཡིན་དགོས།
ལན། དྲི་བ་འདི་ངོ་མ་ཡག་པོ་རེད་བསམ་བྱུང་། ཡིན་ནའང་ང་ཚོས་མགར་གྱི་མི་རྒྱུད་འཚོལ་ཞིབ་བྱས་པ་བརྒྱུད་དེ་སྤྱིར་མགར་གྱི་མི་རྒྱུད་ཟེར་བ་དེ་ལོ་རྒྱུས་ཧ་ཅང་རིང་བའི་བོད་ཀྱི་གནའ་བོའི་མི་རྒྱུད་ཅིག་ཡིན་པ་ངོ་སྤྲོད་ཞུས་ཟིན་ཡང་། མདོར་ན་སྤུ་རྒྱལ་བོད་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་ལོ་ངོ་གྲངས་མེད་ཀྱི་རིང་བཙན་པོ་ཁྲི་སྒྲ་དཔུང་བཙན་གྱི་སྲིད་བློན་ཆེན་པོ་མགར་སྒྲ་ཛི་མུན་དང་སྒོས་སུ་འཕྲུལ་གྱི་བློན་པོ་མགར་སྟོང་བཙན་སོགས་བོད་བཙན་པོ་རིམ་བྱོན་གྱི་སྲིད་དབང་གི་གཙོ་འཁོར་དུ་གྱུར་ཏེ་འགན་བློན་ཆེན་པོ་མཛད་ཅིང་། དེ་བཞིན་མགར་གྱི་ཁྱིམ་རྒྱུད་དུ་སྐྱེས་པའི་བོད་བཙན་པོའི་སྲིད་བློན་བཅུ་ཕྲག་གི་བློ་རིག་དང་དཔའ་མཛངས་རྟུལ་ཕོད་སོགས་དོ་ཟླ་མེད་པའི་འཇོན་ཐང་གིས་ཐུ་བྷོད་ཀྱི་མངའ་ཁོངས་རྒྱ་བསྐྱེད་པ་དང་། མཐའ་མཚམས་སྲུང་སྐྱོབ། ཕྱི་འབྲེལ་ལས་གཞི། བོད་ཀྱི་རིག་གནས་དང་དཔལ་འབྱོར་གོང་དུ་སྤེལ་ནས་སྟོབས་འབྱོར་ལྡན་པའི་བོད་ཆེན་པོའི་རྒྱལ་ཁབ་ཅིག་འཛུགས་སྐྲུན་གྱི་བྱ་བཞག་ལ་བྱས་རྗེས་བླ་མེད་བཞག་ཚུལ་དེ་ཆོས་འབྱུང་མཁས་པའི་དགའ་སྟོན་དང་ཐང་ཡིག་གསར་རྙིང་། ཏུན་ཧོང་ཡིག་ཚགས་སོགས་སུ་རྫུན་བཟོ་དང་བཅོས་མ་མ་ཡིན་པར་དངོས་ཡོད་ལོ་རྒྱུས་གསལ་བོར་བཀོད་པས་མགར་གྱི་མི་རྒྱུད་ནི་བློ་རིག་རྣོ་ཞིང་སྤོབས་པ་ཆེ་ལ། གཞུང་རྒྱུད་དྲང་ཞིང་རང་གཤིས་བརྟན་པའི་བོད་ཀྱི་མི་རྒྱུད་རྩ་ཆེན་ཞིག་ཡིན་པ་ར་སྤྲོད་བྱེད་ཐུབ། དེ་བས་མགར་གྱི་མི་རྒྱུད་ནི་རང་བཞིན་གྱིས་ཕུགས་བརྟན་ཞིང་སྲིད་དང་གཡུལ་གྱི་ལས་ལ་མཁས་པས། རྒྱལ་བོའི་སྲིད་ཀྱི་ལག་རྟེན་དང་དྲག་པོའི་གཡུལ་གྱི་རུ་སྣ་འདྲེན་མཁན་གཙོ་ཆེར་གྱུར་བས་མདོ་དབུས་ཁམས་གསུམ་དུ་མགར་གྱི་མི་རྒྱུད་རིམ་པར་མཆེད་པར་ངེས་ཤིང་། འདུས་སྲོང་མང་བཙན་གྱི་རིང་དེར་མགར་གྱི་སྤུན་མཆེད་རྣམས་ཐང་བོད་གཉིས་སུ་སྙན་གྲགས་ཆེ་བ་དང་བོད་ནང་དུ་མཛངས་དཀྱེལ་ཆེ་ཐལ་བས་བཙན་པོའི་ཆབ་སྲིད་འཕྲོག་ཏུ་དོགས་པ་དང་ཕྱི་ནང་གཉིས་ཀྱི་གནོད་སེམས་ཀྱི་ཕྲ་མ་དང་ཆབ་སྲིད་ཀྱི་གཡོ་འཕྲུལ་གྱི་དབང་གིས་མགར་གྱི་སྤུན་མཆེད་རྣམས་ལ་མི་དགོས་བཞིན་དུ་བཙན་པོར་གློ་བ་རིང་སོང་ཞེས་མ་ཉེས་ཁ་ཡོག་གིས་བཀྱོན་ཕབ་པས་མགར་གྱི་ཁྱིམ་རྒྱུད་ཁ་འཐོར་དུ་སོང་སྟེ་ལོ་ངོ་གྲངས་མེད་ཀྱི་རིང་ལ་མིང་གི་ལྷག་མ་ལྟ་བུར་གྱུར། དེ་ནི་མགར་གྱི་མི་རྒྱུད་ལ་མཚོན་ན་ཆེས་ཡིད་སྐྱོ་བའི་ཕམ་ཉེས་ཤིག་ཡིན་ལ་བོད་ལ་མཚོན་ནའང་ལོ་རྒྱུས་ཀྱི་ཆགས་འཇིག་ཆེན་པོ་ཞིག་རེད་ཅེས་བཤད་ཆོག་སྙམ། ཡིན་ནའང་ཕྱོགས་སོ་སོར་འཐོར་བའི་དུད་ཁྱིམ་རེ་འགས་མགར་གྱི་མི་རྒྱུད་ཀྱི་སྲ་ཞིང་བརྟན་པའི་རང་གཤིས་རྒྱུད་འཛིན་བྱས་ཏེ་དཀའ་སྡུག་དང་ཀྱག་ཀྱོག་གི་འཚོ་བའི་བརྒྱུད་རིམ་ཁྲོད་མགར་ཞེས་པའི་རང་གི་རུས་དེ་འབོར་མ་མྱོང་སྟབས་མགར་གྱི་མི་རྒྱུད་ད་ལྟའི་བར་རྒྱུན་མ་ཆད་པ་རེད། ང་ཚོས་མགར་གྱི་མི་རྒྱུད་ཡིན་ན་ཚད་དེ་འདྲ་ཞིག་ལྡན་དགོས་པར་རེ་འབོད་རྒྱག་གི་ཡོད་པས་ལོ་འདི་དག་གི་རིང་མི་རིགས་ཀྱི་རིག་གནས་དང་རང་གི་རུས་ལ་ཤ་ཚ་ཞིང་བློ་དཀར་བའི་སྙིང་རུས་ཅན་ཕུ་ནུ་རེ་གཉིས་ཀྱིས་སྣེ་ཁྲིད་འོག་མགར་གྱི་མི་རྒྱུད་འཚོལ་ཞིབ་བྱེད་ཀྱིན་ཡོད་ལ་མི་རིགས་ཀྱི་རིག་གནས་དང་ནང་ཕུ་ནུའི་སྐྱིད་སྡུག་གླེང་བཞིན་མགར་གྱི་མི་རྒྱུད་ཟེར་བ་དེ་དགེ་སྒྲུབ་ཚོགས་གསོག་དང་སྡིག་སྤོང་རྒྱུ་འབྲས་བརྩི་བའི་ལས་ཀར་འཇུ་བཞིན་ཡ་རབས་ཀྱི་ཕྱོགས་ནས་མཐུན་སྒྲིལ་དང་མ་རབས་ཀྱི་ཕྱོགས་ནས་ངན་འབྲེལ་མི་བྱེད་པ་ནི་མགར་ཚང་གི་རྩ་དོན་ཞིག་དང་རང་གཤིས་ཤིག་ཏུ་ངོས་བཟུང་ན་མགར་གྱི་མི་རྒྱུད་ཟེར་བ་དེ་ག་འདྲ་ཞིག་ཡིན་མིན་ཧ་གོ་རྒྱུ་རེད། དགོངས་དག་ཉོག་ཐལ། ༼ མུ་འགོད ༽
མཆན།
དྲི་བ་འདོན་མཁན་དག་གིས་ཐུགས་ཉམས་མཞེས་དགོས་ས་ནི་མགར་གྱི་ཁྱིམ་རྒྱུད་འདིའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་། རུས་རྒྱུད། མི་གཤིས། བསམ་བློ། མཛད་འཕྲིན། རིགས་སྲས་བཅས་ཕྱོགས་ཡོངས་ནས་ཞིབ་འཇུག་གཏིང་ཟབ་ཀྱིས་འཐུས་ཚང་ཞིང་གསོང་བོར་བརྗོད་རྒྱུ་ལས། ལོ་རྒྱུས་འཁྱོག་བཤད་དང་མ་ཉེས་ཁ་ཡོག་མི་བྱེད་རྒྱུ་སྙིང་ནས་རེ་ཞུ་ཡིན།
ང་ཚོས་མགར་ཚང་དང་འབྲེལ་ཡོད་ཀྱི་དྲི་བ་རྣམས་ལ་ལན་བསྐྱོན་འདོད་ཆེ་བས་ང་ཚོས་དཔེ་ཁུངས་བཙུན་པ་སོགས་ནས་བསྟན་དོན་ཇི་བཞིན་ལན་འདེབས་ངེས།
|