རྐུན་མའི་མགོ་ལ་བལ་ཞིག

       ཉིན་ཞིག་གཤོབ་རྒྱ་རིལ་དང་བྱིས་པ་མང་བོ་ཞིག་སྡེ་བའི་ནང་གི་ཁྱིམ་ཚང་ཕྱུག་པོ་ཞིག་ལུལ་བལ་འབྲེག་རོགས་སུ་སོང་།    ཁོ་ཚོས་ཉིན་གཅིག་ལ་བལ་བྲེགས་ནས་ཕྱི་དྲོ་རང་ཁྱིམ་ལ་ལོག་གྲབས་བྱེད་སྐབས།   གློ་བུར་དུ་ཁྱིམ་ཚང་དེ་ཚང་གི་བལ་འབྲེག་བྱེད་ཀྱི་ཁེ་གྲི་བོར་སོང་ཟེར།   དེར་ཡོད་ཀྱི་བྱིས་པ་ཚོས་རེ་རེ་བཞིན་དྲིས་ཀྱང་སུས་ཀྱང་མ་མཐོང་ཟེར།   ཁྱིམ་བདག་འུ་ཐུག་ནས་གཤོབ་རྒྱ་རིལ་ལ་ཁེ་གྲི་བཙལ་ཐབས་ཀྱི་རེ་བ་བཏོན།  གཤོབ་རྒྱ་རིལ་གྱིས་དེར་ཡོད་ཀྱི་བྱིས་པ་རྣམས་གྲལ་སྒྲིག་ཏུ་བཅུག་པ་དང་།   དེ་ནས་དོན་དེ་དང་འབྲེལ་མེད་ཀྱི་སྐད་ཆ་མང་བོ་ཞིག་བཤད།    བྱིས་པ་ཚོས་ནན་ཏན་གྱིས་གཤོབ་རྒྱ་རིལ་གྱི་སྐད་ཆ་ལ་ཉན་ནས་ཡོད་སྐབས་ཁོས་གློ་བུར་དུ་རྐུན་མའི་མགོ་ལ་བལ་ཞིག་འདུག་ཁྱོད་རྐུན་མ་རེད་ཅེས་དམིགས་ཡུལ་མེད་པར་བཤད་དུས།   ཁེ་གྲི་རྐུ་མཁན་གྱི་བྱིས་པ་དེ་འཇིགས་ནས་མྱུར་བར་མགོ་ལ་རེག་ཙམ་བྱས་པས་ཐམས་ཅད་ཧབ་ཆ་གྱི་ལེར་སོང་ཞིང་རྐུན་མ་ཡང་བཟུང་ངོ་། །


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2013/7/26 བལྟ་ཀློག (2998)