བླ་མ་པད་དགྱེས་ཀྱི་རྣམ་ཐར།

༄༅།།མགར་ར་བླ་མ་པད་དགྱེས་ཀྱི་རྣམ་ཐར་
མདོར་བསྡུས།


     བསླབ་གསུམ་ཚུལ་ཁྲིམས་ཀྱིས་རྣམ་པར་ཕྱུག་ཅིང་རྣམ་གསུམ་དབེན་པའི་རི་ཁྲོད་ན་གཡོ་མེད་འོད་གསལ་བརྟན་པོའི་རྩེ་དགའ་ལ་འབྲལ་མེད་འགྲོགས་པའི་རྟོགས་ལྡན་བླ་མ་པད་དགྱེས་ལགས་ནི།  གྲུབ་པའི་དབང་ཕྱུག་ཆེན་པོ་གཙང་བ་ལྕགས་མདུད་ལགས་དང་མགར་ཀློང་གཏེར་ཆེན་གྱི་སྲས་མོ་ཡེ་ཤེས་མཚོ་གཉིས་ཀྱི་གདུང་རིགས་སུ་སྨིན་པ་མཁའ་འགྲོ་མ་ཚོགས་གཉིས་བཟང་མོའམ་བཟང་ལོ་ཞེས་པ་དེ་དང་ཡབ་སྔགས་སྐྱེས་བྱམས་གྲགས་ཟུང་གི་སྲས་སུ་སྐུ་འཁྲུངས།  ཆུང་དུས་ནས་གཙང་བ་བློ་མ་ངག་ཕུན་གྱི་དྲུང་དུ་ཀློག་དང་དབང་ལུང་མན་ངག་མང་དུ་གསན་ཞིང་།  དགུང་གྲངས་ཉི་ཤུ་ཡས་མས་ལ་ལུང་སྔོན་དགོན་ཐུབ་བསྟན་ཆོས་འཁོར་གླིང་དུ་ཕྱག་ཕེབས་ཤིང་ཨོ་རྒྱན་སྐུ་གསུམ་གླིང་བའི་ཞབས་ཟུང་གསེར་གྱི་འཁོར་ལོ་སྤྱི་བོའི་རྒྱན་དུ་བཀོད་ཚེ་ཁོང་གིས་དར་དཀར་བོ་སྲིད་དུ་རིང་བ་ཞིག་མགུལ་དུ་བསྒྲོན་ཏེ་སློབ་བུ་པད་དགྱེས་ཁྱོད་ནི་མ་འོངས་པར་གོས་དཀར་ལྕང་ལོ་ཅན་གྱི་དགོན་སྡེ་ཞིག་གི་བདག་པོར་འགྱུར་བའི་ལས་དབང་དང་སྨོན་ལམ་ཡོད་པས་བདག་གི་དགོན་པར་ཡུན་དུ་གནས་རྒྱུ་དང་སྔགས་སྐྱེས་རིག་འཛིན་གྱི་བརྟུལ་ཞུགས་སྐྱོང་དགོས་ཞེས་བཀའ་བསྩལ་ཀྱང་ཁོང་ནི་བྱ་བཏང་རི་ཁྲོད་ཀྱི་ལས་ལ་མཆོག་ཏུ་སྤྲོ་བས་གསར་རྙིང་རིས་མེད་ཀྱི་དགེ་བའི་བཤེས་གཉེན་བཅུ་ཕྲག་ལྷག་ལས་དབང་དང་མན་ངག་མཐའ་ཡས་པ་གསན་བསམ་ཉམས་བཞེས་མཛད་ཅིང་གཏེར་ཆེན་བཀྲ་ཤིས་ཕུན་ཚོགས་མཆོག་གིས་ལུང་བསྟན་པ་བཞིན་རི་ཁྲོད་དབེན་པའི་གནས་ན་སྒོམ་སྒྲུབ་ལ་རྩེ་གཅིག་ཏུ་གཞོལ་ཞིང་བཞུགས་པ་འདི་ཉིད་ལགས་ལ་ཁོང་གི་རྣམ་ཐར་ལ་གསལ་ཆ་ཧ་ཅང་ཞན་པར་མ་ཟད་ལམ་ཁ་ཐག་ཀྱང་རིང་བས་རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱས་ཤིང་རྗེས་ཕྱོགས་ཁོང་དང་འབྲེལ་ཡོད་ཀྱི་གྲོགས་པོ་རྣམས་ཀྱིས་འདིའི་ཕྱོགས་རམས་འདེགས་དང་མཐུན་སྦྱོར་གནང་བར་ཐུགས་རྗེ་ཆུ་ཞུ་ངེས། 


                                                  ད་དུང་ས་བོན་ཙམ་དུ་བསྒྲིགས་པ་ཡིན་པས་ཞུ་དག་བྱེད་དགོས་པ་མ་ཟད་སྣོན་འཁྲི་གང་རུང་བྱས་ཆོག


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2013/8/2 བལྟ་ཀློག (27308)