མི་ཚེའི་སྙིང་བོ་ནི་ཡ་རབས་དང་སྤྱོད་བཟང་བྱེད་རྒྱུ་དེ་རེད། །

      ང་རང་ཚོ་མི་ཡིན་པའི་ཆ་ནས་མི་བཟང་བོ་ཞིག་ཡོང་བ་དང་། གཞན་ཕན་གྱི་བསམ་བློ་ཡོང་ཐུབ་པ་ཞིག་ངེས་པར་དུ་བསམ་བློ་གཏོང་དགོས། སེམས་རྒྱུད་བཟང་བོ་དང་། ལྷག་བསམ་བཟང་བོ་ཞིག་བྱུང་ན་སོ་སོ་སྐྱིད་པ། རོགས་པ་ཚོར་ཡང་ཕན་ཐོགས་བྱེད་ཐུབ་པ། མི་ཚང་མ་བག་ཕེབས་པོ་ཡོང་གི་རེད། མི་ཚེའི་སྙིང་བོ་དེ་ཡ་རབས་བྱེད་དགོས། སྤྱོད་བཟང་བྱེད་དགོས། ང་ཚོ་སྤྱི་ཚོགས་ནང་སླེབས་ཕྱིན་ཆད་གཅིག་གིས་གཅིག་ལ་བརྟེན་ཏེ་སྡོད་དགོས་པ་མ་གཏོགས། སུ་ལའང་མ་བརྟེན་པར་སོ་སོར་ཁེར་རྐྱང་གིས་འཚོ་བ་སྐྱེལ་མི་ཐུབ། རང་བཞིན་གྱི་གནས་སྟངས་དེ་འདྲ་ཞིག་ཡིན་བཞིན་དུ་གཅིག་གིས་གཅིག་ལ་མི་དགའ་ཞེ་འཛིན་དང་། གཅིག་གིས་གཅིག་ལ་མགོ་ལྕག་གཞུ་གང་ཐུབ་བྱས་ཏེ་བསྡད་ན་མིའི་སྤྱི་ཚོགས་ནང་སེམས་སྐྱོ་ཡག་གཅིག་དང་། སྡུག་བསྔལ་གྱི་ཚང་འདྲ་བོ་ཆགས་ཀྱི་འདུག དེང་སང་ཁ་ནས་ཞི་བདེ་དང་དྲང་བདེན་ཞེས་བརྗོད་ཀྱི་ཡོད་པ་རེད་དེ། དོན་དག་ངོ་མར་ཐུག་དུས་དངུལ་དང་ནུས་ཤུགས་ཁོ་ནས་ཐག་གཅོད་མ་གཏོགས། དྲང་བོའི་རིན་ཐང་ཕལ་ཆེར་བརྩི་ས་མེད་པ་ཆགས་ཡོང་གི་ཡོད་པ་རེད། ད་དུང་དེ་གའི་ལམ་དུ་འགྲོ་དགོས་ལབ་ན། མིག་ཡོད་བཞིན་དུ་གཡང་ལ་མཆོངས་པ་ལྟ་བུ་རེད། སྔ་དྲོ་མིག་ཁ་ཕྱེ་མ་ཐག་པར་ཡ་རབས་ཟེར་བའི་ཚིག་གཉིས་པོ་དེ་དྲན་པ་བྱས། དེའི་ཉིན་མོ་ག་ཚོད་ཡོང་ཡོང་གིས་དྲང་བོ་དྲང་བཞག་དང་། ཡ་རབས་སྤྱོད་བཟང་བྱེད་དགོས། ཆོས་ལ་ཡིད་ཆེས་དང་། ཁ་འདོན་དགེ་སྦྱོར་གཞན་དག་བྱ་རྒྱུ་ཡོད་རུང་མེད་རུང་། ཡ་རབས་སྤྱོད་བཟང་བྱས་ནས་མི་ཚེ་བཟང་བོ་ཞིག་སྐྱེལ་གྱི་ཡིན་བསམ་པའི་དམ་བཅའ་བཞག་སྟེ་ཉིན་རེ་ཉིན་རེའི་མི་ཚེ་ཡག་པོ་ཞིག་སྐྱེད་ཀྱི་ཡིན་ན།དམ་པའི་ཆོས་དེ་རེད། སྐྱེ་བ་ཕྱི་མ་ཁས་བླངས་རུང་མ་བླངས་རུང་དེས་ཕན་ཚོད་ཅིག་ཕན་འགྲོ་གི་རེད།

རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2013/8/8 བལྟ་ཀློག (4125)