བོར་ཟིན་པའི་བརྩེ་བ།

  

མདོ་སྨད་པ་ཟླ་གྲགས།  རྨ་ལྷོ།

ཐོག་ཐག་མི་ཚེ་ཡི་འཁོར་ལོ་མགྱོགས་པོས།།

བདག་གི་བརྩེ་དུང་གི་ལྷ་ཆེན་ཚངས་དབང་།།

མི་མངོན་ཕྱི་མ་རུ་བཙན་གྱིས་ཁྲིད་པར།།

དྲན་པའི་བཅད་རྩོམ་གྱི་ཚོམ་བུ་དབེན་མེད།།

 

མ་དབང་ཡབ་ཆེན་གྱི་བརྩེ་བར་དཔག་ནས།།

ཤུལ་ལུས་བུ་ཆུང་ངའི་སྡུག་བསྔལ་ཐེར་འབུམ།།

སྙུག་གུ་ནག་པོ་འདིའི་གར་དུ་འཁྱུག་བཞིན།།

དེ་རིང་མི་ཡུལ་ལ་བང་གིས་བསྐྱོད་ཡོད།།

 

བརྩེ་བའི་མིག་ཀོང་གི་དབང་ཤེས་ཅེར་ནས།།

སྟོང་འཇགས་སྒེག་མོ་ཡི་སྤྱན་ཟུང་ངོས་ལ།།

དར་དཀར་ཚེ་སྲོག་གི་ཆུ་ཐིགས་འཛག་པ།།

ལྷ་བསང་དམར་བོ་དེའི་དབྱིངས་ལ་ནུབ་འདྲ།།

 

ལོ་ཟླའི་སྐྱོ་གར་གྱི་བསམ་གཞིགས་རྫོགས་མེད།།

མདངས་དཀར་ཤོག་བུ་ཡི་ངོས་སུ་བྲིས་ནས།།

དྲན་ཆེན་ཕ་ལོ་ཡི་ཕྱོགས་སུ་བསྐུར་ཡང་།།

ཨ་ལན་གནད་མ་ཞིག་སྟོང་བའི་དབྱིངས་རེད།།

 

ཉི་ཟླ་སྐར་གསུམ་གྱི་འོད་ཞགས་བར་ནས།།

བརྩེ་བའི་ལྷ་ཆེན་གྱི་སྨྲེང་སེམས་བན་བུན།།

ཚོར་བའི་གསང་ལམ་ལ་དལ་གྱིས་ཟུག་དུས།།

ཁོ་བོའི་ཨུ་ཤུ་དེ་གཙང་བོར་འདྲེས་ཡོད།།

 

འཚང་ག་ཤིག་ཤིག་གིས་གཉེན་ཉེ་མང་བོས།།

གདུང་ཚོར་མཚན་རླུང་གི་མགྲོན་དུ་སྤར་ནས།།

མྱི་སེམས་དག་མ་ཡིས་མཆོད་པ་བྱས་ཏེ།།

བོར་ཟིན་བརྩེ་བ་ཡི་ཁ་དོག་དྲན་གདའ།།

 

ཀུ་ཤུའི་རོ་མངར་ལྟར་ཤིན་ཏུ་ཞིམ་པའི།།

བརྩེ་བའི་ཡབ་ཆེན་གྱི་མིག་ཟུང་ཆ་གཉིས།།

ཟླ་གམ་གོང་བར་ནས་གཞན་ལ་ལྟ་དུས།།

བདག་ཡིད་གཟུར་གནས་ཀྱི་དྲན་པ་འགོག་མེད།།

 

སུན་སྣང་དགུན་ཟླ་ཡི་གྲང་འཁྱགས་ཧྲག་ནས།།

བརྩེ་བའི་རིལ་བུ་དེ་ཧུབ་ཀྱིས་འཐུང་འདོད།།

སྣང་ངེས་དྲན་འཛིན་གྱི་ཚོར་བ་རྩེན་དུས།།

སྟོང་སྣང་རྨི་ལམ་གྱི་དམིགས་པ་འཁྲུལ་འདུག།

 

དྭངས་བསིལ་ཞོགས་པ་ཡི་ཉི་འོད་འཇམ་ཡང་།།

བཞུད་ཟིན་ཡབ་ཆེན་གྱི་སྙིང་དྲོད་བསམ་ན།།

གཅེས་ཕྲུག་རིག་མིང་བའི་ཚོར་བ་རྣོན་པོ།།

དགུ་ཆུའི་འགྲམ་རོལ་ནས་གྲང་བ་གྲངས་མེད།།

                                                      ༢༠༡༤ ༦ ༡༧ ཉིན་དལ་འབྲི་བྱས།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2013/8/8 བལྟ་ཀློག (4914)