ཁྲིམས་མུན་གླིང་གི་སྐར་ཆེན།

                                                      དུང་ཨ་ཏི།

                            ________མཁས་དབང་དགེ་ཆོས་མཆོག་ལ།

རྙེད་པར་དཀའ་བའི་དལ་རྟེན་དཔག་བསམ་རྐང་འཐུང་ལ་ནི་ཁྲིར་འཛེགས་ཏེ། 

ཁྱད་མཚར་རིན་ཆེན་གཙུག་ལག་མེ་ཏོག་སྣ་བཅུ་བཞད་པའི་དགའ་ཚལ་དུ། 

སྲིད་ཞིའི་མཁྱེན་དཔྱོད་གཤོག་ཟུང་བརྐྱངས་པའི་ཡིད་འོང་སྲས་པོ་རྐང་དྲུག་ཅིག 

མཚུངས་མེད་རྣམ་དཔྱོད་ཡིད་ཀྱི་ཤིང་རྟས་གེ་སར་གླེགས་བམ་ཅི་དགར་རོལ། 

མིག་གི་དགའ་སྟོན་མེ་ཏོག་ལྡུམ་ར་སད་དང་སེར་བའི་མཚོན་གྱིས་བསྣུན། 

འཚོ་བྱེད་རིགས་སྲས་རྒྱ་ནས་བྱོན་ཏེ་མི་བཟོད་ཐུགས་ཀྱིས་གཟིགས་ཙ་ན། 

གང་གི་ཐུགས་སྲས་ར་ཡིག་གཉིས་པ་ཤ་ཡི་མདངས་ནི་ཉམ་བྱེད་ཅིང༌། 

མཐར་བྱེད་སེར་བའི་ཕྲེང་སྣེ་ཕོག་སྟེ་མི་བཟོད་མགོ་བོ་འདར་བྱེད་པས། 

ལུས་སེམས་ལྷགས་པའི་དུཿཁ་སེལ་ཕྱིར་དབང་ཕྱོགས་མེ་ཏོག་ལྡུམ་ར་ཕུར། 

སྔར་གྱི་དྲི་ཞིམ་རླུང་རྟར་ཆིབས་ནས་ཆུ་ལྷའི་སྲས་པོ་གདན་དྲངས་ཏེ། 

རྣམ་དཀར་མཛད་འཕྲིན་སྦྲང་ཆར་བདུད་རྩིས་སྐྱེ་རྒུའི་འདོད་པ་ཡོངས་སུ་གཏམས། །

མཚན་སྙན་འབྲུག་སྒྲ་ཆེམ་ཆེམ་གྲགས་ཀྱང་ཕྲག་དོག་གློག་ཞགས་འཁྱུག་དྲགས་ནས། །

སྐུར་འདེབས་འཁྱག་རོམ་རྒྱ་རུ་ཚུད་དེ་བདེ་མེད་ཁྲིམས་མུན་གླིང་དུ་བཅུག 

གེ་སར་དཀར་པོ་ལེན་འཕྲོ་བྱས་ཏེ་རྐང་དྲུག་དགོངས་པ་ཆོས་དབྱིངས་བསྡུས། 

འོན་ཏེ་མཛད་འཕྲིན་སྤྲིན་གྱི་མེ་ཏོག་སྣ་བཅུ་ལྡུམ་ར་ཕུན་སུམ་ཚོགས། 

འོན་ཏེ་སྙན་གྲགས་ཉིན་མོར་བྱེད་པ་རྣམ་ཀུན་སྤྱི་ན་འོད་གསལ་ལེར། 

འོན་ཏེ་གསེར་ཞལ་སྐར་མ་འོད་ཆེན་དྲན་འཛིན་ཡོལ་བའི་ངོས་སུ་སྣང༌། 


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2013/8/9 བལྟ་ཀློག (1818)